རྒྱལ་ཁའི་གྲུབ་འབྲས་གཅེས་སྤྲས་དང་། མཉམ་ལས་གཉིས་ཕན་སྐུལ་འདེད་གཏོང་དགོས།

  

  དེབ་འདིའི་དཔྱད་གཏམ་པ།

  2015ལོ་ནི་ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་ནས་ལོ་འཁོར་70སླེབས་པ་ཡིན། ལོ་ངོ་70སྔོན་གྱི་ཟླ་5པའི་ཚེས་9ཉིན། འཇར་མན་གྱིས་དངོས་སུ་མགོ་བཏགས་པས། དེས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཡོ་རོབ་གླིང་གི་གཡུལ་སར་རྒྱལ་ཁ་ཐོབ་པ་མཚོན་པ་རེད། ཟླ་བ་3གྱི་རྗེས། ལྗར་པན་གྱིས་ཆ་རྐྱེན་གང་ཡང་མེད་པའི་ངང་མགོ་སྒུར་བ་ཁྱབ་བསྒྲགས་བྱས་པས། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཆེས་མཐའི་རྒྱལ་ཁ་བླངས་པ་རེད། ད་ལོའི་ཟླ་5པའི་ཚེས་9ཉིན། ཨུ་རུ་སུས་རྒྱལ་སྲུང་དམག་འཁྲུག་རྒྱལ་ཁ་བླངས་ནས་ལོ་ངོ་70འཁོར་བར་དྲན་གསོའི་རྟེན་འབྲེལ་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུའུ་ཞི་ཞི་ཅིན་ཕིང་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། ཨུ་རུ་སུའི་མི་དམངས་དང་མཉམ་དུ་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་དུས་ཆེན་འདིར་དྲན་གསོ་ཞུ། ཀྲུང་གོ་དང་ཨུ་རུ་སུ་གཉིས་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་ཡིན་ལ། གཡུལ་ལས་རྒྱལ་བའི་རྒྱལ་ཁབ་གཙོ་བོ་དང་མཉམ་འབྲེལ་རྒྱལ་ཚོགས་ཐོག་མར་འཛུགས་སྐབས་ཀྱི་ཚོགས་མིའི་རྒྱལ་ཁབ་ཡིན་ལ། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་ཀྱང་ཡིན། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་རྒྱལ་ཁ་ཐོབ་པར་བློས་ཆེན་པོ་བཏང་ཞིང་བྱས་རྗེས་ཆེན་པོ་བཞག་ཡོད་པ་རེད། ད་ལོར་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་མཛད་སྒོ་དང་དྲན་གསོ་བྱ་འགུལ་རབ་དང་རིམ་པ་ཞིག་སྤེལ་རྒྱུ་ཡིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་འདས་ཟིན་པའི་ལོ་རྒྱུས་ཡིད་ལ་དམ་པོར་བཅངས་ནས་སྔོན་གཤེགས་དཔའ་བོ་དྲན་གསོ་བྱེད་པ་དང་། ཞི་བདེ་གཅེས་འཛིན་དང་འབྱུང་འགྱུར་མ་འོངས་གསར་དུ་བཏོད་ནས། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁའི་འབྲས་བུ་དང་རྒྱལ་སྤྱིའི་དྲང་བདེན་དྲང་གཞག་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་ཆོད་སེམས་མངོན་པར་བྱས་ཤིང་། སྐྱེ་བོ་ཀུན་གྱིས་ཐོབ་དཀའ་བའི་ཞི་བདེ་དེ་ཉིད་གཅེས་འཛིན་དང་སྲུང་སྐྱོབ་བྱ་རྒྱུ་ཉེན་སྐུལ་གཏོང་བ་དང་། ཡུན་རིང་ཞི་བདེ་དང་ཐུན་མོང་ཕྱུག་འགྱུར་ཡོང་བའི་འཇིག་རྟེན་འཛུགས་སྐྲུན་བྱ་རྒྱུར་འབད་པའོ།།

  ལོ་ངོ་70སྔོན་དུ་བྱུང་བའི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་ནི་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གཞི་ཁྱོན་སྔ་ན་མེད་པའི་དམག་འཁྲུག་ཅིག་ཡིན་ཏེ། འཐབ་འཁྲུག་གི་མེ་ལྕེ་ཨེ་ཤ་ཡ་གླིང་དང་ཡོ་རོབ་གླིང་། ཨ་ཧྥེ་རི་ཁ་གླིང་། རྒྱ་མཚོ་ཆེན་མོའི་གླིང་བཅས་སུ་ཁྱབ་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་80ལྷག་གི་མི་འབོར་ཧ་ལམ་དུང་ཕྱུར་20ཙམ་དེའི་ཁྲོད་དུ་ཚུད་ཡོད་པ་རེད། ཧྥ་ཤི་སི་རིང་ལུགས་དང་བཙན་རྒྱལ་རིང་ལུགས་ཀྱིས་བསླངས་བའི་བཙན་འཛུལ་དམག་འཁྲུག་དེས་འཛམ་གླིང་ལ་གནོད་འཚེ་ཚབས་ཆེན་བཟོས་ཤིང་། མིའི་རིགས་ཀྱི་དཔལ་ཡོན་ལ་སྔར་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་བཟོས་པ་རེད། འཛམ་གླིང་རྒྱབ་ཁབ་ཁག་གི་མི་དམངས་ཚོས་དགྲ་བོར་མཉམ་སྡང་དང་ལག་གདང་གཅིག་ཏུ་སྦྲེལ་ནས་ཧྥ་ཤི་སིའི་བཙན་འཛུལ་པར་འགོག་རྒོལ་བཏང་སྟེ་འཛམ་གླིང་ཞི་བདེ་སྲུབ་སྐྱོབ་བྱས། ཨུ་རུ་སུ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཡོ་རོབ་གླིང་གི་གཡུལ་ས་གཙོ་བོ་རེད། ཨུ་རུ་སུའི་མི་དམངས་དང་མི་རིགས་སྤུན་ཟླ་གཞན་པས་རྒྱལ་སྲུང་དམག་འཁྲུག་ལས་རྒྱལ་བར་ཁྲག་བཏོན་འཐབ་འཛིང་ཚད་མེད་བྱས་ཤིང་། མི་འབོར་ཁྲི་2700ལྷག་གི་ཚེ་སྲོག་ཕུལ་ནས་ན་ཙི་འཇར་མན་རྒྱལ་ཁབ་ཀྱི་“གཞོམ་ཐབས་མེད་པའི་”མཚན་སྙན་མཇུག་རྫོགས་སུ་བཅུག་པ་དང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་རྒྱལ་ཁ་ཐོབ་པར་ལོ་རྒྱུས་ཀྱི་མཛད་རྗེས་བསུབ་ཐབས་མེད་པ་ཞིག་བསྐྲུན་པ་རེད།

  ཀྲུང་གོ་ནི་འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ཨེ་ཤ་ཡ་གླིང་གི་གཡུལ་ས་གཙོ་བོ་ཡིན། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དེ་འཐབ་ཚོད་ཆེས་སྔ་ཤོས་དང་རྒྱུན་མཐུད་ཀྱི་དུས་ཚོད་ཆེས་རིང་ཤོས། ཆ་རྐྱེན་ཆེས་དཀའ་ཚེགས་ཆེ་ཤོས་ཅན་ཞིག་རེད། དམག་འཁྲུག་དེ་ནི་ཀྲུང་གོའི་མི་དམངས་ཀྱིས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་དྲང་བདེན་གྱི་དམག་འཁྲུག་ཞིག་ཡིན་ལ། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གལ་ཆེའི་གྲུབ་ཆའང་ཡིན། དེ་ནི་ཉེ་རབས་ནས་བཟུང་ཀྲུང་གོས་ཕྱི་ཕྱོགས་ཀྱི་དགྲ་བོ་ནང་འཛུལ་ལ་འགོག་རྒོལ་བྱས་ཏེ་ཐེངས་དང་པོར་རྒྱལ་ཁ་ཡོངས་སུ་ཐོབ་པའི་མི་རིགས་བཅིངས་འགྲོལ་གཏོང་བའི་དམག་འཁྲུག་ཅིག་ཡིན་ཞིང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ལོ་རྒྱུས་སུ་འོད་སྟོང་བཀྲ་བའི་ངོས་ཤིག་བརྩམས་པ་རེད། 1931ལོའི་དགུ་པའི་བཅོ་བརྒྱད་ཀྱི་དུས་འགྱུར་ནི་ཀྲུང་གོའི་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་འགོ་ཚུགས་པའི་དུས་ཡིན་པ་དང་། དེ་ནས་བཟུང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་འགོ་བརྩམས་པ་རེད། 1937ལོའི་ལུའུ་ཀོའུ་ཟམ་པའི་དུས་འགྱུར་ནས་མི་རིགས་ཡོངས་ཀྱིས་ལྗར་པན་ལ་འགོག་རྒོལ་བྱེད་པའི་འགོ་བརྩམས་པ་དང་། ཀྲུང་གོའི་གཡུལ་ས་དེ་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ལ་ངོ་རྒོལ་བྱེད་པའི་གཡུལ་ས་གཙོ་བོར་གྱུར། ཡོ་རོབ་གླིང་གི་གཡུལ་ས་འགོ་ཚུགས་དུས། ཀྲུང་གོས་རང་སྒེར་གྱིས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འགོག་རྒོལ་བྱས་ནས་ལོ་ངོ་8འདས་ཟིན། ཞི་བདེ་རྒྱ་མཚོ་ཆེན་མོའི་དམག་འཁྲུག་ལངས་དུས། ཀྲུང་གོས་རང་སྒེར་གྱིས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་འགོག་རྒོལ་བྱས་ནས་ལོ་ངོ་10ལྷག་འདས་སོང་བ་རེད། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་རྒྱལ་ཁ་ཐོབ་པར་བློས་ཆེན་པོར་བཏང་ཡོད་དེ། ཀྲུང་གོའི་དམག་དམངས་ཀྱི་ཤི་རྨས་སྡོམ་ཚད་ཁྲི་3500ཡན་ཟིན་ཡོད་ལ། 1937ལོའི་རིན་གོང་བསྡུར་ཚད་ལྟར་རྩིས་ན། ཐད་ཀར་གྱི་དཔལ་འབྱོར་གྱོང་གུན་ཨ་སྒོར་དུང་ཕྱུར་1000ལྷག་དང་། གཞན་བརྒྱུད་ཀྱི་དཔལ་འབྱོར་གྱོང་གུན་ཨ་སྒོར་དུང་ཕྱུར་5000ལྷག་ཤོར་བ་རེད། ཀྲུང་གོའི་གཡུལ་སས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱི་དམག་ཤུགས་ལ་གཙོ་བོ་ཡུན་རིང་འཐེན་འཛིན་དང་འགོག་རྒོལ་བཏང་བས། ལྗར་དམག་ཁྲི་150ལྷག་ཚར་གཅོད་བཏང་བ་དང་། ལྗར་པན་བཙན་འཛུལ་པ་རྩ་མེད་ཤུལ་མེད་དུ་གཏོང་བར་གཏན་འཁེལ་རང་བཞིན་གྱི་ནུས་པ་ཡོད། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་གིས་འཐབ་ཇུས་ཐད་ནས་མནའ་མཐུན་རྒྱལ་ཁབ་དང་དམག་འཐབ་བྱ་རྒྱུར་གཅིག་གཞོགས་གཅིག་འདེགས་དང་རྒྱབ་སྐྱོར་བྱས་ཏེ། ཨེ་ཤ་ཡའི་རྒྱལ་ཁབ་གཞན་དག་གིས་ལྗར་པན་དམག་རྒྱལ་རིང་ལུགས་འགོག་རྒོལ་འཐབ་རྩོད་སློང་བར་སྐུལ་འདེད་ཆེན་པོར་ཐེབས་པ་དང་། ཡོ་རོབ་གླིང་གི་གཡུལ་ས་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གཡུལ་སའི་འཐབ་ཇུས་དང་དཔུང་འཇུག་ལ་གཞོགས་འདེགས་བྱས་ཏེ། ལྗར་པན་ཧྥ་ཤི་སི་དང་འཇར་མན་དབྱི་ཊ་ལི་ཧྥ་ཤི་སིའི་བར་གྱི་འཐབ་ཇུས་མཉམ་སྡེབ་ཀྱི་བསམ་ངན་ལ་བཀག་རྒྱ་དང་རྙོག་དྲར་བཟོས་པ་རེད། ཀྲུང་གོའི་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་རྒྱལ་ཁ་ཐོབ་པ་དེས་ལྗར་པན་དམག་རྒྱལ་རིང་ལུགས་ཀྱིས་ཀྲུང་གོར་མི་སྤེལ་ཡུལ་དང་བྲན་བཀོལ་དུ་གཏོང་རྒྱུའི་རེ་ངན་རྦད་དེ་རྡུལ་དུ་བརླགས་ཤིང་། ཀྲུང་གོའི་འཛམ་གླིང་སྟེང་གི་རྒྱལ་ཁབ་ཆེན་མོའི་གནས་བབ་ཡང་བསྐྱར་གཏན་ཁེལ་བྱས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་འོད་སྟོང་འབར་བའི་མདུན་ལམ་གསར་དུ་བཏོད་པ་མ་ཟད། འཛམ་གླིང་གི་མི་དམངས་ཡོངས་ཀྱི་མིག་ལམ་དུ་ཉམ་ཆུང་བས་སྟོབས་ལྡན་ལས་རྒྱལ་བའི་གཟི་བརྗིད་ལྡན་པའི་དཔེ་མཚོན་ཞིག་བཙུགས་པ་དང་། གཉའ་གནོན་དང་བཙན་འཛུལ་ཐེབས་བཞིན་པའི་མི་རིགས་ཀྱིས་བཅིངས་འགྲོལ་དམག་འཁྲུག་སྤེལ་རྒྱུའི་ཡིད་ཆེས་དང་སྤོབས་པར་སྐུལ་འདེད་བཏང་བ་རེད། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ཆེས་མཐའི་རྒྱལ་ཁ་ཐོབ་པར་ལོ་རྒྱུས་ཀྱི་བྱས་རྗེས་བསུབ་ཐབས་མེད་པ་ཞིག་བཞག་ཡོད་པ་རེད།

  འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་དྲང་བདེན་གྱིས་སྡུག་རུལ་བཅོམ་པ་དང་འོད་ཟེར་གྱིས་མུན་ནག་འཇོམ་པ། ཡར་ཐོན་གྱིས་ལོག་སྤྱོད་རྒྱལ་བ་དང་ཤེས་ཡོན་གྱིས་ཀླ་ཀློ་རྣམ་པར་རྒྱལ་བའི་རྒྱལ་ཁ་རླབས་པོ་ཆེ་ཞིག་ཡིན། ཐེངས་འདིའི་མིའི་རིགས་ཀྱི་ལས་དབང་ཐག་གཅོད་པའི་དམར་འཛིང་འཁྲུག་རྩོད་ཁྲོད་ཀྲུང་གོ་དང་ཨུ་རུ་སུ་སོགས་རྒྱལ་ཁབ་50ལྷག་གི་མི་དམངས་དང་དེ་མིན་འཛམ་གླིང་ཐོག་ཞི་བདེར་དགའ་བའི་མི་དམངས་ཡོངས་ཀྱིས་ལག་གདང་གཅིག་སྦྲེལ་དང་དཔུང་བ་མཉམ་གཤིབ་ཀྱིས་ཐུན་མོང་ཐོག་རྒྱལ་སྤྱིའི་ཧྥ་ཤི་སིར་ངོ་རྒོལ་དང་དམག་རྒྱལ་རིང་ལུགས་ལ་ངོ་རྒོལ་བྱེད་པའི་འཐབ་ཕྱོགས་གཅིག་གྱུར་ཡོང་བར་བྱས་ནས། ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་རོགས་སྐྱོར་བྱེད་པའི་དྲང་བདེན་དམག་འཁྲུག་གིས་བཙན་འཛུལ་དམག་འཁྲུག་རྩ་མེད་བཏང་སྟེ་ཆེས་མཐར་འཛམ་གླིང་ཞི་བདེ་ཐོབ་པ་རེད། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པ་མཇུག་བསྒྲིལ་རྗེས། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁའི་འབྲས་བུ་སྲུང་སྐྱོབ་བྱེད་པ་དང་། ཧྥ་ཤི་སི་རིང་ལུགས་དང་དམག་རྒྱལ་རིང་ལུགས་བསྐྱར་དུ་སློང་བར་དོགས་ཟོན་བྱ་རྒྱུ། འཛམ་གླིང་ཡུན་རིང་ཞི་བདེ་ཡོང་བ་སྲུང་སྐྱོང་བྱ་རྒྱུ་བཅས་འཛམ་གླིང་རྒྱལ་ཁབ་ཁག་གི་ཐུན་མོང་གི་འགན་འཁྲིར་གྱུར་པ་རེད། 1945ལོའི་ཟླ4པར། ཀྲུང་གོས་ཨ་མེ་རི་ཁ་དང་དབྱིན་ཇི། སུའུ་ལེན་དང་བཅས་ལྷན་དུ་ཅིའུ་ཅིན་ཧྲན་གྱི་གྲོས་ཚོགས་སྤེལ་ནས། མཉམ་འབྲེལ་རྒྱལ་ཚོགས་འཛུགས་རྒྱུ་གྲོས་བསྡུར་བྱས་ཤིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དངོས་སུ་འགྲེམ་སྤེལ་ལག་བསྟར་གནང་བ་བརྒྱུད་ཀྲུང་གོ་དེ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་འཁུར་ལས་འཛིན་རྒྱལ་ཁབ་ལྔའི་ནང་གསེས་ཤིག་ཏུ་གྱུར། 1945ལོའི་ཟླ་10པར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པས། འཛམ་གླིང་ཡུན་རིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་སྲུང་སྐྱོང་བྱེད་པར་སྟོབས་ཤུགས་གསར་པ་གསར་སྣོན་བྱས་པ་རེད། ཀྲུང་གོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་སྔོན་ལ་བཏོན་པ་དང་། མཐུན་སྒྲིལ་དང་མཛའ་གྲོགས། མཉམ་ལས་བཅས་ཀྱི་“ཝན་ལུང་སྙིང་སྟོབས་”གྲུབ་པར་ཧུར་ཐག་སྒོས་ཟབ་ཞུགས་དང་སྐུལ་འདེད་བཏང་བ་མ་ཟད། སྔར་བས་དྲང་གཞག་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་སྒྲིག་ལམ་གསར་པ་ཞིག་འཛུགས་པར་བྱས་རྗེས་འབུར་ཐོན་བཞག་པ་རེད། ཀྲུང་གོའི་མི་དམངས་ལ་འཛམ་གླིང་ཐོག་ཞི་བདེར་དགའ་བའི་མི་དམངས་ཀྱིས་བརྩི་འཇོག་ཐོབ་པ་དང་མི་རིགས་ཀྱི་མཚན་སྙན་བླ་ན་མེད་པ་ཞིག་ཀྱང་ཐོབ་པ་རེད།

  སྔོན་མའི་བསླབ་བྱ་མ་བརྗེད་ན། རྗེས་མའི་མེ་ལོང་ཞིག་ཏུ་འགྱུར་ཞེས་པ་ལྟར། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་ཏེ་ལོ་འཁོར་70ལོན་པ་འདི་ནི་ལོ་རྒྱུས་ཡིད་ལ་དམ་པོར་འཛིན་པའི་དུས་མཚམས་ཆེས་ལེགས་ཤོས་ཤིག་རེད། ང་ཚོས་ལོ་རྒྱུས་མེ་ལོང་དུ་བཟུང་ནས་ཐེངས་འདིའི་དམག་འཁྲུག་གིས་བཟོས་པའི་སྡུག་བསྔལ་དང་རྨས་སྐྱོན་ཡིད་ལ་དམ་པོ་བཅངས་ནས། འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་ལོ་རྒྱུས་ཀྱི་ལྐོག་ཇུས་དང་ངན་སྤྱོད་ཁས་མི་ལེན་པ་དང་། འཁྱོག་བཤད་དང་ལོག་འགྲེལ་རྒྱག་པར་མཐའ་གཅིག་ཏུ་ངོ་རྒོལ་བྱས་ཏེ། ལོ་རྒྱུས་ཀྱི་བསླབ་བྱ་ཕྱོགས་བསྡོམས་གཏིང་ཟབ་སྤེལ་བའི་ཁྲོད་འཛམ་གླིང་ཞི་བདེ་སྲུང་སྐྱོང་སྔར་བས་ལེགས་པོ་དང་མིའི་རིགས་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་ཏུ་གཏོད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“འཛམ་གླིང་འཁྲུག་ཆེན་ཐེངས་གཉིས་པའི་བརྗེད་དཀའ་བའི་སྣ་སུན་དེས་མི་ཚོར་བསྟན་པ་ལྟར། ཆེ་བས་ཆུང་ཟ་དང་དྲག་རྒྱལ་ཞན་ཕམ་ནི་མིའི་རིགས་མཉམ་གནས་ཀྱི་ཐབས་ལམ་མིན། དམག་ཞེན་འཁྲུག་སློང་དང་བཙན་དབང་སྒེར་འཛིན་ནི་མིའི་རིགས་ཞི་བདེ་ཡོང་བའི་ཐབས་ཇུས་མ་ཡིན། རྒྱལ་ན་ཀུན་འཇོམ་དང་ཐོབ་ཤོར་ལོག་གཏད་ནི་མིའི་རིགས་འཕེལ་རྒྱས་ཀྱི་འགྲོ་ལམ་མིན་ཞིང་། ཞི་བདེ་ལས་དམག་འཁྲུག་མི་བྱེད་པ་དང་། མཉམ་ལས་ལས་གཏད་འགོག་མི་བྱེད་པ། མཉམ་རྒྱལ་གཉིས་ཕན་ལས་ཐོབ་ཤོར་ལོག་གཏད་མི་བྱེད་པ་བཅས་ནི་ད་གཟོད་མིའི་རིགས་ཀྱི་སྤྱི་ཚོགས་ཞི་བདེ་དང་ཡར་ཐོན། འཕེལ་རྒྱས་ཡོང་བའི་ཡུན་གཏན་གྱི་བརྗོད་བྱ་ཡིན་”ཞེས་བསྟན་ཡོད། ལོ་རྒྱུས་ལ་ངེས་པར་དུ་ལྟ་སྟངས་ཡང་དག་འཛིན་དགོས་པ་དང་། སྤྱི་ལུགས་དང་དྲང་བདེན་ངེས་པར་དུ་ཆེར་སྐྱེད་སྤེལ་དགོས། དམག་འཁྲུག་སློང་མཁན་གྱི་རྒྱལ་ཁབ་དག་གིས་ལོ་རྒྱུས་ལ་གཙང་རྩིས་མཐར་ཕྱིན་བརྒྱབ་ནས་ངེས་པར་དུ་བསྒྲུབ་དགོས་པའི་འགན་འཁྲི་སྙིང་སྟོབས་ཆེན་པོས་ཕྲག་ཏུ་འཁུར་ཐུབ་ན། ད་གཟོད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དངོས་སུ་ཡང་བསྐྱར་བཟོད་སྒོམ་དང་དང་ལེན་བྱེད་ངེས་ཤིང་། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཡོང་བར་དངོས་སུ་བྱས་རྗེས་འཇོག་ཐུབ། དེང་སྐབས་འཛམ་གླིང་དུ་ཞི་བདེ་དང་འཕེལ་རྒྱས་དེ་དུས་རབས་ཀྱི་བརྗོད་བྱ་གཙོ་བོར་གྱུར་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ནི་དུས་རབས་ཀྱི་འཕེལ་ཕྱོགས་སུ་གྱུར་འདུག་ལ། རྒྱལ་ཁབ་ཁག་རྣམས་སྔར་ལས་ལྷག་པར་ཕན་ཚུན་འདྲེས་པའི་ཐུན་མོང་སྒྲིག་སྲོལ་ཞིག་ཆགས་ཡོད། ད་སྐབས་ཀྱི་མིའི་རིགས་ལ་སྔོན་མའི་དུས་སྐབས་གང་ལས་ཀྱང་ཞི་བདེ་དང་འཕེལ་རྒྱས་དམིགས་ནས་འབད་ཐབས་བྱ་རྒྱུའི་ཆ་རྐྱེན་ལེགས་པོ་འཛོམས་ཡོད་ལ། མཉམ་ལས་གཉིས་ཕན་དེ་སྔར་ལས་ཀྱང་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་ལས་དོན་ཐག་གཅོད་བྱེད་པའི་གཞི་རྩའི་ཐབས་ཇུས་ཀྱི་འཕེལ་ཕྱོགས་སུ་འགྱུར་ཡོད་པ། མཉམ་ལས་ཀྱི་གཙོ་ཁྲིད་འོག་གི་གཉིས་ཕན་དང་མང་ཕན། ཀུན་ཕན་བཅས་ཀྱི་འདུ་ཤེས་གསར་པ་སྔར་ལས་ལྷག་པ་བཙུགས་ཏེ། ནན་ཏན་གྱིས་མཉམ་ལས་གཉིས་ཕན་སྲོག་ཤིང་དུ་གྱུར་པའི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་ཞིག་འཛུགས་དགོས། ཀྲུང་གོས་འཛམ་གླིང་གི་རྒྱལ་ཁབ་ཁག་ཞི་བདེ་འཕེལ་རྒྱས་དང་མཉམ་ལས་གཉིས་ཕན་གྱི་བགྲོད་ལམ་དུ་བསྐྱོད་རྒྱུའི་སྐུལ་འདེད་གཏོང་བཞིན་ཡོད། དེ་ནི་ཀྲུང་གོའི་མི་དམངས་ཀྱིས་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལས་རྒྱལ་བ་དང་། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་བཏང་བའི་རྗེས་ཀྱི་མིའི་རིགས་ཞི་བདེ་དང་དྲང་བདེན་ཡར་ཐོན་ཡོང་བའི་ལས་དོན་ཐད་ཀྱི་བྱས་རྗེས་གལ་ཆེན་ཞིག་ཡིན།

  ལོ་རྒྱུས་ཡིད་ལ་དམ་པོར་བཅངས་པ་དང་འབྱུར་འགྱུར་མ་འོངས་གསར་དུ་གཏོད་པ་ནི་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་དེ་རེད། ཀྲུང་ཧྭ་མི་རིགས་ནི་ཞི་བདེ་ལ་དགའ་ཞེན་ཆེ་བའི་མི་རིགས་ཤིག་ཡིན། “རྒྱལ་ཁབ་སྟོབས་འབྱོར་ལྡན་ཚེ་བཙན་དབང་ཧམ་གཉེར་བྱེད་པའི་”གཏན་ཚིགས་རྙིང་པ་དེ་རྩ་བ་རྫོགས་ནས་བློ་བརྟན་འགྱུར་མེད་ཀྱིས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཕུལ་བྱུང་རིག་གནས་ཀྱི་སྲོལ་རྒྱུན་རྒྱུད་འཛིན་དང་དར་སྤེལ་བཏང་བ་ཡིན་ལ། ཀྲུང་གོའི་མི་དམངས་ཉེ་རབས་ནས་འཕྲད་པའི་དཀའ་སྡུག་ཁྲོད་ཐོབ་པའི་སྡོམ་ཚིག་ལྡོག་མེད་ཞིག་ཀྱང་ཡིན། ཀྲུང་གོའི་ཕུགས་འདུན་ནི་ང་ཚོའི་འབད་འཐབ་ཀྱི་དམིགས་འབེན་ཡིན་ལ། ཀྲུང་གོའི་རྒྱལ་སྤྱིའི་སྣང་བརྙན་ཡང་ཡིན། དེ་ནི་ཚན་རིག་དར་སྤེལ་དང་ཞི་བདེ་འཕེལ་རྒྱས་གཅིག་གྱུར་ཡོང་བ་ཞིག་དང་། འཛམ་གླིང་རྒྱལ་ཁབ་ཁག་གིས་འཐབ་ཇུས་ཀྱི་གོ་སྐབས་མཉམ་སྤྱོད་དང་ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་པ་གཉིས་གཅིག་གྱུར་ཡོང་བར་བྱས་པའི་རླབས་ཆེའི་ཕུགས་འདུན་ཡང་ཡིན་པས། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཕུགས་འདུན་བཟང་པོ་དང་ཕན་ཚུན་འབྲེལ་བསྡད་ཡོད། ང་ཚོས་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཤིང་། རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་མི་གནོད་པའི་རེ་བ་དང་ཆབས་ཅིག་ཏུ་རང་ཉིད་ཀྱི་ལུགས་མཐུན་ཁེ་དབང་ཡང་གཏན་ནས་མི་འདོར་བ་དང་། རྒྱལ་ཁབ་ཀྱི་སྲོག་ཤིང་ཁེ་ཕན་རྩ་བ་ནས་ཤོར་མི་རུང་། ཕྱིའི་རྒྱལ་ཁབ་གང་ཡིན་རུང་ང་ཚོས་རང་རྒྱལ་གྱི་སྲོག་ཤིང་ཁེ་ཕན་བརྗེ་རེས་བྱེད་ཐུབ་པ་མི་འདོད་པ་དང་། ང་ཚོས་རང་རྒྱལ་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་ལ་གནོད་པའི་གྱོང་གུན་འཁུར་རྒྱུའི་རེ་བ་བཅངས་མི་རུང་། ང་ཚོས་དུས་ནམ་ཡང་ལྷོད་གཡེང་མེད་པར་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན་ལ། ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་བརྩོན་ལེན་བྱས་ཏེ་རང་ཉིད་འཕེལ་རྒྱས་གཏོང་བ་མ་ཟད། རང་སྟེང་གི་འཕེལ་རྒྱས་ལ་བརྟེན་ནས་འཛམ་གླིང་ཞི་བདེ་འཕེལ་རྒྱས་འགྲོ་བ་ལའང་སྐུལ་འདེད་གཏོང་རྒྱུ་དང་། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་སྐྲུན་པ་མ་ཟད། འཛམ་གླིང་ཡོངས་ཀྱི་མི་དམངས་ལའང་བདེ་སྐྱིད་བསྐྲུན་ཏེ། མུ་མཐུད་དུ་འཛམ་གླིང་ཡུན་རིང་ཞི་བདེ་དང་མིའི་རིགས་ཐུན་མོང་ཡར་ཐོན་ཇེ་བརྟན་དུ་གཏོང་རྒྱུར་འགན་བབ་ཀྱི་བྱས་རྗེས་འཇོག་དགོས།

  སྒྱུར་པ་པོ། བསོད་ནམས་མཚོ།

2015ལོའི་དུས་དེབ་དྲུག་པ།