རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོའི་ཐད་བསྡོམས་པས་མ་དངུལ་སྒོར་མོ་དུང་ཕྱུར་དྲུག་ལྷག་བཏང་བ།

  ད་ལོར་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧུར་ཐག་སྒོས་འགྲོ་སྒོའི་སྒྲིག་གཞི་སྙོམས་སྒྲིག་བྱས་པ་དང་ནུས་ལྡན་བྱེད་ཐབས་སྤྱད་ནས་སློབ་གསོའི་ཐད་གཏོང་བའི་མ་དངུལ་ཇེ་མང་དུ་བཏང་།

  ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་སློབ་གསོའི་ཐད་ཀྱི་འགྲོ་སྒོའི་བསྡུར་ཚད་ལས་འགན་ཡོངས་འགྲུབ་བྱེད་ཆེད། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་སློབ་གསོའི་བསྡུར་ཚད་དེ་ཁུལ་སྲིད་གཞུང་གི་ལོ་ཧྲིལ་བོའི་དམིགས་འབེན་དཔྱད་ཞིབ་མ་ལག་གི་ནང་དོན་གཙོ་བོར་བཞག་ནས་འགན་འཁྲི་གཏན་འཁེལ་གསལ་བོ་བྱས། ཁུལ་དང་རྫོང་གི་ནོར་སྲིད་སྡེ་ཁག་གིས་སློབ་གསོའི་ཐད་གཏོང་བའི་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཞིང་ཆེན་གྱིས་བགོས་པའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་བྱ་བའི་གྲོས་གཞི་གཏན་འཁེལ་བྱས་ཤིང་། བྱ་བའི་བྱེད་ཐབས་བཏོན་པ་དང་འབྲེལ་ཡོད་བྱ་བ་བསྒྲུབས། ད་ལོའི་ཟླ་བཅུ་བའི་ཟླ་མཇུག་བར་དུ་རྨ་ལྷོ་ཁུལ་གྱིས་སློབ་གསོའི་ཐད་བསྡོམས་པས་སྒོར་མོ་དུང་ཕྱུར་དྲུག་དང་བྱེ་བ་བདུན་ས་ཡ་བདུན་འབུམ་བདུན་ལྷག་བཏང་བ་དང་དེ་སྔོན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་དོན་གཉིས་ལྷག་འཕར་ཞིང་། སློབ་གསོའི་ཐད་བཏང་བའི་མ་དངུལ་གྱིས་ནོར་སྲིད་ཀྱིས་བཏང་བའི་མ་དངུལ་ཁྲོད་བརྒྱ་ཆའི་བཅོ་བརྒྱད་ལྷག་ཟིན།