༄༅།།མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་ས་ཁུལ། གྲོང་ཁྱེར་སྲིད་གྲོས་བྱ་བའི་འབྲེལ་འདྲིས་ཚོགས་འདུ་ཐེངས་ཉེར་གསུམ་པ་མཚོ་བྱང་ཁུལ་ནས་ཚོགས་པ།

  ཞིང་ཆེན་ཡོངས་ཀྱི་ཁུལ་དང་ས་ཁུལ། གྲོང་ཁྱེར་སྲིད་གྲོས་བྱ་བའི་འབྲེལ་འདྲིས་ཚོགས་འདུ་ཐེངས་ཉེར་གསུམ་པ་དེ་ཟླ་བདུན་པའི་ཚེས་ཉེར་བཞི་ནས་ཚེས་ཉེར་བདུན་ཉིན་བར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནས་ཚོགས། ཚོགས་ཐོག་ནས་ས་གནས་ཁག་གིས་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པའི་ཉམས་མྱོང་དང་མྱོང་ཚོར་སྤྱི་སྡོམ་དང་བརྗེ་རེས་བྱས་པ་དང་། གནས་བབ་གསར་བའི་འོག་ཏུ་མི་དམངས་སྲིད་གྲོས་ཀྱི་འགན་ནུས་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་དུ་སྒྱུར་བར་སྔར་ལས་སྐུལ་བཏང་ནས། སྲིད་གྲོས་བྱ་བ་ཚན་རིག་ཅན་དུ་སྒྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་བར་བགྲོ་གླེང་བྱས།

  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀུའུ་ཞི་རིན་ཆེན་རྒྱལ་གྱིས་གཏམ་བཤད་པ་དང་། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་རིན་ཆེན་རྣམ་རྒྱལ། ལིས་པོ་ཀྲུང་། མ་ཀྲི་ཝེ། དྲུང་ཡིག་ཆེན་མོ་ཝང་ཅིན། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་པ། ཁུལ་དང་ས་ཁུལ། གྲོང་ཁྱེར་བཅས་ཀྱི་སྲིད་གྲོས་དང་འབྲེལ་ཡོད་རྫོང་སྲིད་གྲོས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུ་ལ་ཞུགས།

  རིན་ཆེན་རྒྱལ་གྱིས་ན་ནིང་ཞིང་ཆེན་ཏང་ཨུ་ཡིས་བསྡུས་པའི་ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་བྱ་བའི་གྲོས་ཚོགས་ལས། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ལས་དོན་གོང་དུ་སྤེལ་བར་ཡར་སྐུལ་གྱི་ནུས་པ་ཆེན་པོ་ཐོན། དེང་ཕྱིན་གྱི་དུས་སྐབས་སུ། རིམ་པ་ཁག་གི་སྲིད་གྲོས་ཀྱིས་ཞིང་ཆེན་ཏང་ཨུའི་རེ་བ་ལྟར། སྲིད་གྲོས་ཨུ་ཡོན་ཁྲོད་ཀྱི་བོད་རིགས་འཐུས་མི་དང་སྤྲུལ་སྐུ་མང་བའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ། བོད་མང་ཚོགས་ཀྱི་བསམ་པའི་སློབ་གསོའི་ཁྲིད་སྟོན་བྱ་བ་དང་། བོད་ཁུལ་གྱི་འཆམ་མཐུན་དང་བརྟན་འཇགས་སྲུང་སྐྱོང་བྱེད་པའི་དོན་དག་མང་ཙམ་བསྒྲུབ་དགོས་ཞེས་བསྟན།

  ལོ་ཙཱ་བ། ཀླུ་འབུམ་བྱ