༄༅།།ཕྱི་རྒྱལ་གྱི་མི་སྣས་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བསྐྱོད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པའི་ངོས་འཛིན་བྱས་པ། (༡)

  ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་སྐབས་སུ་ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣ་དང་གླེང་ཕྱོགས་ཀྱིས་ཀྲུང་གོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དེར་འབྱུང་འགྱུར་གྱི་འཕེལ་རྒྱས་ཐད་དོན་སྙིང་གལ་ཆེན་ལྡན་པ་མ་ཟད་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཐད་ལའང་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད།

  པར་ཙིར་གུང་ཁྲན་ཏང་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གོང་མའི་གྲོས་མི་དབྱི་ན་ཞི་ཨའོ་ཨ་ལུའུ་ཏ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་ཐོག་གི་བཅར་འདྲི་དང་ལེན་གནང་སྐབས་ཚོགས་ཆེན་བཅོ་བརྒྱད་པའི་སྙན་སྒྲོན་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་པ་དེ་ནི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁོ་ནའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་མ་ཟད་འཛམ་གླིང་ཡོངས་ཀྱི་གུང་ཁྲན་ཏང་མིར་ཡང་སྐུལ་མ་ཐེབས་ངེས་རེད་གསུངས་པ་རེད།

  སི་རི་ཡ་གུང་ཁྲན་ཏང༼ཧྥེ་སའར་ཤོག་ཁག༽ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཉི་མུའར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱེད་པའི་ཀྲུང་གོའི་ཉམས་མྱོང་ནི་ལོ་རྒྱུས་རང་བཞིན་ཞིག་ཡིན་པས་དེ་མིག་དཔེར་འཛིན་འོས་པ་ཞིག་འདུག་ལ་འཛམ་གླིང་ཐོག་གི་གུང་ཁྲན་ཏང་ཚང་མས་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་ཐད་ཀྲུང་གོར་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་སྐྱེ་གི་འདུག་ཅེས་གསུངས་པ་རེད།

  ནེ་པ་ལའི་ཙུང་ལི་གཞོན་པ་ཕྱི་འབྲེལ་དཔོན་གཅིག་ལྕོགས་ཧྲི་ལེའོ་སི་ཐ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས་འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་སྟོབས་ཤུགས་གལ་ཆེན་ཆེ་རུ་ཕྱིན་པའི་ཀྲུང་གོའི་ངོས་ནས་བརྗོད་ན་དེ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད།ཀྲུང་གོར་གྲུབ་འབྲས་ཆེན་པོ་དེ་ལྟ་བུ་ཐོབ་པའི་འབྱུང་རྩ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིག་པ་དང་ཀྲུང་གོའི་ཞིབ་ཕྲའི་ལག་ལེན་གཉིས་ཟུང་འབྲེལ་བྱས་ནས་ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་གང་ཐུབ་བྱས་པ་དེར་ཐུག་ཡོད་ཅེས་གསུངས་པ་རེད།

  ཨུ་རུ་སུའི་ཚན་རིག་སློབ་གླིང་ཡོན་ཏུང་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཞེའར་ཀའེ་ལུའུ་ཅ་ཉིང་གིས་ལོ༣༠རིང་གི་སྒྱུར་བཅོས་དང་འཕེལ་རྒྱས་དེས་ཀྲུང་གོར་སྐྱེ་སྟོབས་གསར་པ་ཞིག་བསྣན་ཡོད་པ་དང་། ལོ༣༠ཡི་རིང་ཕྱོགས་བསྡུས་རྒྱལ་སྟོབས་ཆེ་རུ་ཕྱིན་པ་དང་ཆབས་ཅིག་ཀྲུང་གོ་འདི་ཉིད་རྒྱུན་ཆད་མེད་པར་འཕེལ་རྒྱས་ཕྱིན་པའི་བརྒྱུད་རིམ་ཁྲོད་འཛམ་གླིང་གི་གར་སྟེགས་ཐོག་སྟོབས་ཤུགས་གལ་ཆེན་ཞིག་ཏུ་རིམ་བཞིན་གྱུར་པའི་ཁྲོད་ཀྱི་དཔང་རྟགས་གལ་ཆེན་ཞིག་ནི་དཔལ་འབྱོར་སྤྱི་འབོར་རི་པིན་ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་གཉིས་པར་གྱུར་ཡོད་པ་དེ་རེད་ཅེས་གསུངས་པ་རེད།

  ཧྥ་རན་སིའི་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཕི་ཨའེ་འར·ཕི་ཁའར་གྱིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་བགྲོད་ལམ་ནི་རང་ངོས་ཀྱི་དཔལ་འབྱོར་དང་ཤེས་དཔལ་གོང་འཕེལ་གཏོང་རྒྱུ་དང་ཕན་ཚུན་འཚམ་པ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་ངེས་པར་དུ་ཀྲུང་གོ་སྲིད་གཞུང་ལ་དུས་ཚོད་ཅིག་སྤྲད་དེ་སྒྱུར་བཅོས་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་བྱེད་དགོས་པའི་ངོས་འཛིན་གནང་བ།ཁོང་གིས་འདས་ཟིན་པའི་ལོ༡༠ཡི་རིང་ཀྲུང་གོའི་དཔལ་འབྱོར་དང་། འཚོ་བའི་སྤུས་ཚད།གྲོང་རྡལ་ཅན་དུ་འགྱུར་ཚད། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་སོགས་ཚང་མ་རྩ་བའི་ཆ་ནས་འཕེལ་རྒྱས་ཕྱིན་པ་ང་ཚོས་ཤེས་རྟོགས་བྱུང་། དེ་དང་ཆབས་ཅིག་ཀྲུང་གོས་ཀྱང་ཆབ་སྲིད་ཀྱི་སྒྲིག་སྲོལ་སྒྱུར་བཅོས་བྱེད་བཞིན་ཡོད་ཅེས་གསུངས་པ་རེད།

  ཀྲུང་གོར་བཅའ་སྡོད་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དེ་སྔའི་གཞུང་ཚབ་ཆེ་མོ་བ་ཨ་པུའུ་ཏུའུ་ལའེ·ཝ་ཧ་པུའུ·ས་ཅི་ཐེ་ཡིས་བཅར་འདྲི་དང་ལེན་གནང་སྐབས་ཀྲུང་གོ་གུང་ཁྲན་ཏང་ལ་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་ཁྲིད་སྟོན་འོག་གྲུབ་འབྲས་ཐོབ་ནས་ཀྲུང་གོ་དེ་ས་ཁུལ་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཆེན་པོ་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་ཞིག་ཏུ་འཕེལ་རྒྱས་འགྲོ་རྒྱུ་རེད་ལ་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གལ་ཆེན་ཞིག་ལའང་འགྱུར་རྒྱུ་ཡིན། དུས་ཐུང་ལོ༣༠ལྷག་ཙམ་རིང་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་དེར་དཔང་པོ་བྱེད་ཐུབ་ཅེས་གསུངས་པ་རེད།

  མ་ལེ་ཞི་ཡའི ༼ ཤིན་ཀྲོའུ་ཉིན་རེའི་ཚགས་པར༽ཐོག་ཆེད་བརྗོད་ཅིག་སྤེལ་བའི་ནང་སླད་ཕྱིན་ལོ༡༠ཡི་རིང་ཀྲུང་གོས་འགོ་ཁྲིད་པ་གསར་པའི་སྣེ་ཁྲིད་འོག་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་དམིགས་ཚད་དོན་འཁྱོལ་བྱས་ནས་རྒྱལ་ནང་གི་ཐོན་སྐྱེད་སྤྱིའི་རིན་ཐང་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་རེའི་ཆ་སྙོམས་ཡོང་འབབ་དེ༢༠༡༠ལོ་ལས་ལྡབ་གཅིག་འཕར་བ་བྱ་རྒྱུ་དང་། མི་དམངས་རྣམས་ལ་དམངས་གཙོ་དེ་བས་ཆེ་བ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱ་རྒྱུ།མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་རྒྱུ་བཅས་དང་འབྲེལ་རིག་གནས་ཀྱི་འཇམ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་དེ་བཞིན་ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཐུན་འཕྲོད་ཅན་གྱི་སྤྱི་ཚོགས་ཤིག་འཛུགས་སྐྲུན་བྱ་རྒྱུ་རེད་ཅེས་བཀོད་ཡོད་པ་རེད།