༄༅།།༢༠༡༣ལོའི་མཚོ་སྔོན་ཉིན་རེའི་ཚགས་པར་འགྲེམ་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས་པ།

         ཟླ་བཅུ་པའི་ཚེས་སུམ་ཅུའི་ཉིན། ༢༠༡༣ལོའི«མཚོ་སྔོན་ཉིན་རེའི་ཚགས་པར»འགྲེམ་སྤེལ་བྱེད་པའི་བྱ་བའི་གྲོས་ཚོགས་བསྡུས། གྲོས་ཚོགས་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་གྱི«༢༠༡༣ལོའི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་གཙོ་བོ་འགྲེམ་སྤེལ་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ»ཡི་དགོངས་དོན་སློབ་སྦྱོང་དང་ལག་ལེན་བྱས་པ་དང་། 2012ལོའི«མཚོ་སྔོན་ཉིན་རེའི་ཚགས་པར»འགྲེམ་སྤེལ་བྱེད་པའི་བྱ་བའི་སྔོན་ཐོན་ལས་ཁུངས་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས་པ་མ་ཟད། ས་ཁུལ་སོ་སོར༢༠༡༣ལོའི«མཚོ་སྔོན་ཉིན་རེའི་ཚགས་པར»འགྲེམ་སྤེལ་བྱེད་པའི་བྱ་བའི་དམིགས་འབེན་གྱི་འགན་ཁུར་ཡི་གེ་བཀོད་པ་དང། ཕྱོགས་ཡོངས་ནས་ལོ་གསར་བའི་ཚགས་པར་འགྲེམ་སྤེལ་བྱ་བ་བཀོད་སྒྲིག་བྱས།

  མཚོ་སྔོན་ཞིང་ཆེན་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་མེ་ཡེས་ཀྱིས་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ཚབ་བྱས་ནས«མཚོ་སྔོན་ཉིན་རེའི་ཚགས་པར»འགྲེམ་སྤེལ་བྱེད་པའི་བྱ་བའི་ཐད་ལ་རེ་བ་བཏོན། ཁོས་བཤད་རྒྱུར། «མཚོ་སྔོན་ཉིན་རེའི་ཚགས་པར»ནི་ཞིང་ཆེན་ཏང་ཨུའི་ལས་ཁུངས་ཀྱི་ཚགས་པར་ཡིན་པ་དང་། ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བར་མཛུབ་སྟོན་བྱེད་པའི་གླེང་ཕྱོགས་གཙོ་བོ་ཡིན། དེས་སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་བསམ་བློ་གཅིག་གྱུར་བྱེད་པ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་སོགས་ཀྱི་འགན་འཁྲི་ཁུར་ཡོད་པས། དེ་ཕན་ནུས་ལྡན་པའི་སྒོ་ནས་འགྲེམ་སྤེལ་བྱས་ན་ད་གཟོད་དྲིལ་སྒྲོག་གི་ནུས་བ་བཟང་བོ་ཐོན་ཐུབ། ས་ཁུལ་སོ་སོ་དང་ལས་ཁུངས་སོ་སོས་མཚོ་སྔོན་ཉིན་རེའི་ཚགས་པར་འགྲེམ་སྤེལ་བྱེད་པའི་བྱ་བའི་དགོས་གལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱས་ནས་བྱ་བ་དེ་དེང་སྐབས་ཀྱི་བྱ་བ་གཙོ་བོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་འབད་བརྩོན་གྱིས་མཚོ་སྔོན་ཉིན་རེའི་ཚགས་པར་འགྲེམ་སྤེལ་བྱེད་པའི་བྱ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕར་བར་བྱེད་དགོས་ཟེར།

  མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲེ་ཀྲང་ལིག་ལིས་ཆོན་གྱིས་དུས་ཡུན་རིང་བོར་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་བྱ་བར་རྒྱབ་སྐྱོར་བྱས་པའི་རིམ་པ་སོ་སོའི་ཏང་ཨུ་དང་ཞིང་གཞུང་། རྩ་འཛུགས། དྲིལ་སྒྲོག གསར་འགྱུར་དཔེ་སྐྲུན་སྡེ་ཁག་དང་སྦྲག་སྲིད་སྡེ་ཁག་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། རྗེས་ཕྱོགས་སུ་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གིས་སྔར་ལས་ལྷག་པའི་སྒོ་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོར་འབྲེལ་གཏུག་བྱས་ཏེ་འབད་བརྩོན་གྱིས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བཅོས་སྒྱུར་འཛུགས་སྐྲུན་གྱི་གྲུབ་འབྲས་གསར་བ་དྲིལ་སྒྲོག་བྱེད་པ་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཉམས་མྱོར་གསར་བ་དྲིལ་སྒྲོག་བྱས་ཏེ་མཉམ་དུ་མཚོ་སྔོན་ཉིན་རེའི་ཚགས་པར་འགྲེམ་སྤེལ་བྱེད་པའི་བྱ་བའི་བྱེད་ཐབས་གསར་བ་དང་སྒྲིག་སྲོལ་གསར་བ་འཚོལ་ཞིབ་བྱས་ནས་རྒྱ་ཆེའི་ཀློག་པ་པོར་སྔར་ལས་བཟང་བོའི་ཞབས་ཞུ་བྱེད་རྒྱུ་ཡིན་ཟེར།