༄༅།།ཝང་ལིན་ཅོན་གྱིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་མགོ་ཁྲིད་དང་བཞུགས་མོལ་བྱས་པ།

      ཉེ་ལམ། ཧྲིན་ཀྲང་གཞོན་པ་ཝང་ལིན་ཅོན་གྱིས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཐིན་གྱི་འབྲེལ་ཡོད་འགན་ཁུར་མི་སྣ་ཁྲིད་དེ་ཞི་ཨན་ནས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ཧྲན་ཞིའི་ཡན་ལག་དངུལ་ཁང་གི་མགོ་ཁྲིད་པ་དང་བཞུགས་མོལ་བྱས། ཕྱོགས་གཉིས་ཀྱིས་ཕན་ཚུན་རྒྱུས་ལོན་བྱེད་པར་ཤུགས་སྣོན་དང་སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བཞུགས་མོལ་བྱས་ཏེ་ཐུན་མོང་གི་ལྟ་ཚུལ་བྱུང་། རྒྱུས་ལོན་བྱུང་བ་ལྟར་ན། ཧྲན་ཞིའི་ཡན་ལག་དངུལ་ཁང་དེ་ཉིས་སྟོང་བརྒྱད་ལོར་བཙུགས་པ་ནས་བཟུང་། མཚོ་སྔོན་ལ་རྒྱབ་སྐྱོར་བྱེད་པའི་ཕྱི་ཕྱོགས་ཉོ་འཚོང་འཕེལ་རྒྱས་ཀྱི་བསྐྱི་དངུལ་སྒོར་གྲངས་དེ་དེང་ཐོག་གི་སྒོར་མོ་དུང་ཕྱུར་གཉིས་ནས་ད་ལྟའི་སྒོར་མོ་ཐེར་ཆེན་གཉིས་དང་དུང་ཕྱུར་དྲུག་བྱེ་བ་གཉིས་ལ་བསླེབས་ཡོད་པ་དང་། བསྐྱི་དངུལ་གཏོང་ཡུལ་དེ་ཡང་དེང་ཐོག་གི་ཁེ་ལས་གཉིས་ནས་ད་ལྟའི་ཁེ་ལས་བཅུ་ལ་སོན་ཞིང་། བསྡོམས་པས་བསྐྱི་དངུལ་སྒོར་མོ་ཐེར་ཆེན་གསུམ་དང་དུང་ཕྱུར་ལྔ་བཏང་།

  ད་ལོར་ཧྲན་ཞི་ཞིང་ཆེན་ཡན་ལག་དངུལ་ཁང་གིས་མཚོ་སྔོན་གྱི་བྱེད་སྒོའི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་པ་དང་ཡིད་རྟོན་དངུལ་བུན་བསྐྱི་ཚུལ་རྒྱ་ཆེ་རུ་བཏང་ནས་འབྲོག་ལུག་དང་དབྱི་ཅཱ། ཆའོ་ཐུག་ཧ་ཡང་གློག་སོགས་ཁེ་ལས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་ཆེན་པོ་བྱས་པ་ཤེས་རྗེས། ཝང་ལིན་ཅོན་གྱིས་ཧྲན་ཞིའི་ཡན་ལག་དངུལ་ཁང་གིས་མཚོ་སྔོན་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཆེ་ཞུས།

  ཝང་ལིན་ཅོན་གྱིས་བསྟན་དོན། ཧྲན་ཞིའི་ཡན་ལག་དངུལ་ཁང་དང་འབྲེལ་འདྲིས་དང་མཉམ་ལས་བྱེད་པར་ཤུགས་སྣོན་བྱེད་དགོས། རེ་བ་ནི་ཕྱོགས་གཉིས་ཀྱིས་ཕན་ཚུན་གཏིང་ཟབ་པའི་སྒོ་ནས་འབྲེལ་འདྲིས་དང་རྒྱུས་ལོན་བྱས་ཏེ། ཕྱིར་གཏོང་ནང་འདྲེན་བྱེད་པའི་དངུལ་ལོར་གྱི་བྱེད་སྒོའི་དྲིལ་སྒྲོག་ཤུགས་ཚད་ཆེ་རུ་བཏང་ནས་སྐྱེད་ཀ་དམའ་བ་དང་དུས་ཡུན་རིང་བ། ཕན་འབྲས་མཐོ་བ་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་དཔལ་འབྱོར་ཉོ་འཚོང་འཕེལ་རྒྱས་ཐད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།