༄༅།།ཀྲིག་ཡུང་ཁང་གིས་པེ་ཅིན་དུ་ཁྲིམས་འཛིན་སྲིད་འཛིན་བྱ་བར་རྟོག་ཞིབ་མཛད་པ།

 

111.jpg

ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་པེ་ཅིན་དུ་ཁྲིམས་འཛིན་སྲིད་འཛིན་བྱ་བར་རྟོག་ཞིབ་མཛད། པར་འདི་ནི་ཀྲིག་ཡུང་ཁང་གིས་ཁྲིམས་འཛིན་པུའུ་ཡི་འགན་འཁུར་བ་དང་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མི་ལ་མཇལ་འཕྲད་གནང་བའི་ཚུལ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲིག་ཡུང་ཁང་གིས་ཟླ་བཅུ་བའི་ཚེས་སུམ་ཅུ་ཉིན་པེ་ཅིན་དུ་ཁྲིམས་འཛིན་སྲིད་འཛིན་བྱ་བར་རྟོག་ཞིབ་མཛད། ཁོང་གིས་རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་པར་མ་ཟད། སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡོང་བར་སྐུལ་འདེད་བཏང་ནས། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན།

རྟོག་ཞིབ་མཛད་སྐབས་ཀྲིག་ཡུང་ཁང་ཐོག་མར་པེ་ཅིན་ཏ་ཁྲིན་ཁྲིམས་རྩོད་ལས་དོན་ཁང་དུ་ཕེབས་ཏེ་ཁྲིམས་རྩོད་ལས་དོན་ཁང་གི་འགན་འཁུར་བས་ལས་ཁུངས་རང་གི་བྱ་བ་མཚམས་སྦྱོར་བྱས་པར་ཉན་རྗེས་གསུངས་རྒྱུར། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཁྲིམས་རྩོད་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཕྲག་ཏུ་བབས་པའི་སྤྱི་ཚོགས་འགན་འཁྲི་གསལ་བོར་ཤེས་པར་བྱེད་དགོས་ལ། བཅའ་ཁྲིམས་ཀྱི་ཆེད་ལས་དང་ནུས་པ་འདོན་སྤྲོད་གང་ལེགས་བྱེད་པ་དང་ཧུར་ཐག་སྒོས་བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་ལུགས་དྲིལ་སྒྲོག་སོགས་སྤྱི་ཕན་རང་བཞིན་གྱི་བྱ་བའི་ཁྲོད་དུ་ཞུགས་ནས། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཞབས་ཕྱི་བཟང་བོ་ཞིག་འདོན་སྤྲོད་བྱེད་དགོས་པར་མ་ཟད་རང་རྒྱལ་གྱི་ཁྲིམས་རྩོད་པའི་སྣང་བརྙན་ལེགས་པོ་ཞིག་ཆགས་པར་བྱེད་དགོས་ཟེར། དེར་མཐུད་ནས་ཀྲིག་ཡུང་ཁང་སོགས་ཀྲུང་ཧྭ་རྒྱལ་ཡོངས་ཁྲིམས་རྩོད་པའི་མཐུན་ཚོགས་སུ་ཕེབས་ཏེ་རང་རྒྱལ་གྱི་ཁྲིམས་རྩོད་བྱེད་སྒོའི་ཁྱབ་ཁོངས་དང་བཅའ་ཁྲིམས་ཀྱིས་རོགས་སྐྱོར་བྱས་པའི་གནས་ཚུལ་སོགས་རྒྱུས་ལོན་མཛད་རྗེས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་རྩོད་ལམ་ལུགས་དེ་བཅོས་སྒྱུར་ཁྲོད་དུ་སྔར་ལས་འཐུས་ཚང་དུ་གྱུར་བ་དང་། རང་རྒྱལ་གྱི་ཁྲིམས་རྩོད་བྱ་བ་དང་ཁྲིམས་རྩོད་དཔུང་སྡེའི་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ཐོབ་ཡོད་ཟེར།

རྟོག་ཞིབ་མཇུག་རྫོགས་སྐབས་ཀྲིག་ཡུང་ཁང་གིས་ཁྲིམས་འཛིན་སྡེ་ཁག་གི་འགན་འཁུར་བ་དང་ལས་ཁུངས་ཀྱི་ལས་བྱེད་པའི་འཐུས་མི་དང་མཉམ་དུ་བཞུགས་མོལ་ཚོགས་འདུ་བསྡུས། ཀྲིག་ཡུང་ཁང་གིས་ཁྲིམས་འཛིན་སྲིད་འཛིན་བྱ་བ་ཡར་ཞུ་བྱས་པར་ཉན་རྗེས་གསུངས་རྒྱུར། རིམ་པ་སོ་སོའི་ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པར་བསུ་བ་བྱེད་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དེ་ལག་ལེན་མཐར་ཕྱིན་བྱེད་པར་དམིགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོར་པོར་བསྒྲེངས་ཤིང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བྱས་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་སྔར་ལས་ནུས་པ་ཡོད་པའི་བཅའ་ཁྲིམས་ཞབས་ཕྱི་དང་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།