༄༅།།རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་ཧི་ལེང་ཧི་ལིས་ཐེབས་རྩའི་ཉིས་སྟོང་བཅུ་གཉིས་ལོའི་བྱ་དགའ་སྟེར་བའི་ཚོགས་ཆེན་སྟེང་ཞུགས་ནས་གཏམ་བཤད་པ།

       ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་ཨུ་ཡོན་ལིག་ཡན་ཏུང་ཚེས་ཉེར་དགུའི་ཉིན་ཧི་ལེང་ཧི་ལིས་ཐེབས་རྩའི་ཉིས་སྟོང་བཅུ་གཉིས་ལོའི་བྱ་དགའ་སྟེར་བའི་ཚོགས་ཆེན་སྟེང་ཞུགས་སྐབས་བསྟན་དོན། རྒྱལ་ཡོངས་ཀྱི་ཚན་རིག་ལག་རྩལ་གསར་གཏོད་ཀྱི་ཚོགས་ཆེན་དགོངས་དོན་དང་ཀྲུང་དབྱང་གི་འབྲེལ་ཡོད་ཇུས་ཆོད་བཀོད་སྒྲིག་ནན་ཏན་གྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཚན་རིག་ལག་རྩལ་བྱ་དགའི་ལམ་ལུགས་བཅོས་བསྒྱུར་འཐུས་ཚང་དུ་གཏོང་བ། ཚན་རིག་ལག་རྩལ་མི་སྣའི་བརྩོན་སེམས་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྐུལ་སློང་བྱེད་པ། ཚན་རིག་ལག་རྩལ་གྱི་གསར་གཏོད་གོམས་སྟབས་ཇེ་མགྱོགས་སུ་གཏོང་བར་ཤུགས་སྣོན་པ་བཅས་བྱས་ཏེ། ཚན་རྩལ་འཕེལ་རྒྱས་དང་རྣམ་པ་གསར་བའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཐད་ལ་སྐུལ་འདེད་བྱེད་པའི་ཁག་ཐེག་འདོན་སྤྲོད་བྱེད་དགོས་ཟེར།

  ལིག་ཡན་ཏུང་གིས་བྱ་དགའ་ཐོབ་པའི་ཚན་རིག་པ་རྣམས་ལ་རྟེན་འབྲེལ་ཞུས་པར་མ་ཟད་ཧི་ལེང་ཧི་ཐེབས་རྩའི་གསར་གཏོད་མཁན་དང་ཞལ་འདེབས་འབུལ་མཁན་རྣམས་ལ་བཀའ་དྲིན་ཆེ་ཞུས། མོས་བཤད་རྒྱུར། ཧི་ལེང་ཧི་ཐེབས་རྩ་ཚོགས་པ་བཙགས་ཏེ་ལོ་ངོ་བཅོ་བརྒྱད་ཀྱི་རིང་ལ་སྔ་གཞུག་ཏུ་ཕུལ་བྱུང་ཚན་རིག་པ་དང་བཟོ་སྐྲུན་པ། ཚན་རྩལ་ཐོན་ལས་ཀྱི་སྣེ་ཁྲིད་པ་བཅས་མི་སྟོང་ལྷག་ལ་གཟེངསབསྟོད་བྱས་པ་དང་། སྤྱི་ཚོགས་སྟོབས་ཤུགས་ཀྱིས་ཚན་རིག་ལག་རྩལ་བྱ་དགའི་མིག་དཔེ་བསྐྲུན་ཏེ་རང་རྒྱལ་གྱི་ཚན་རིག་ལག་རྩལ་ལས་དོན་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ལ་བྱས་རྗེས་གལ་ཆེན་བཞག་ཡོད། ཁོ་མོའི་རེ་བ་ཡིན་ན་ཐེབས་རྩ་དེས་མུ་མཐུད་དུ་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་པ། དཔྱད་འདེམ་སྒྲིག་གཞི་འཐུས་ཚང་དུ་གཏོང་བ། དཔྱད་འདེམ་གྱི་སྤུས་ཚད་ཇེ་མཐོར་གཏོང་བ་བཅས་བྱས་ནས་སྔར་ལས་ལེགས་བྱུང་ཡོད་པ་དང་སྔར་ལས་ཁྱད་ཆོས་ཡོད་པ། སྔར་ལས་ཤུགས་རྐྱེན་ཆེ་བ་ཞིག་ཏུ་སྒྲུབ་དགོས་ཟེར།

  ཧུའུ་ཧེ་ཡན་སོགས་མི་སོ་ལྔ་ལ་ཉིས་སྟོང་བཅུ་གཉིས་ལོའི་ཧི་ལེང་ཧི་ཐེབས་རྩའི་ཚན་རིག་དང་ལག་རྩལ་ཡར་ཐོན་གྱི་བྱ་དགའ་ཐོབ་པ་དང་། ཀྲང་ཆན་སོགས་མི་བཅོ་ལྔར་ཚན་རྩལ་དང་ལག་རྩལ་གསར་སྐྲུན་གྱི་བྱ་དགའ་ཐོབ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ལུའུ་ཡུང་ཞང་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཚན་རྩལ་པུའུ་ཡི་པུའུ་ཀྲང་ཝན་ཀང་ཚོགས་ཆེན་ལ་ཞུགས།