༄༅།།ཝུན་ཅ་པོ་ལའོ་ཝའོ་ཝན་ཞང་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་དགུ་བར་ཞུགས་པར་ཕེབས་རྒྱུ་ཡིན་པར་མ་ཟད་ལའོ་ཝའོ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་རྒྱུ་རེད། །

       ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧོང་ལིས་ཡིས་ཚེས་ཉེར་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། ལའོ་ཝའི་ཙུང་ལི་ཐུང་ཞིན་གྱིས་གདན་དྲངས་པ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཝུན་ཅ་པོ་ཟླ་བཅུ་གཅིག་པའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་བར་ལའོ་ཝའོ་ཝན་ཞང་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མགོ་གཙོའི་གྲོས་ཚོགས་སྐབས་དགུ་བར་ཞུགས་རྒྱུ་ཡིན་པར་མ་ཟད་ལའོ་ཝའོ་རྒྱལ་ཁབ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་མཛད་རྒྱུ་རེད། གྲོས་ཚོགས་ལ་ཞུགས་པའི་སྐབས་སུ་ཙུང་ལི་ཝུན་ཅ་པོ་ཡིས་ཀྲུང་གོའི་དེང་སྐབས་ཀྱི་འཛམ་གླིང་དཔལ་འབྱོར་དངུལ་ལོར་གྱི་གནས་བབ་ཐད་ཀྱི་ལྟ་ཚུལ་དང་ཨེ་ཤ་ཡ་དང་ཡོ་རོབ་གླིང་གི་མཉམ་ལས་སྲིད་ཇུས་ཕྱོགས་ཀྱི་འདོད་བློ་རྒྱས་བཤད་བྱེད་རྒྱུ་ཡིན་ལ། གྲོས་ཚོགས་སུ་ཞུགས་པའི་རྒྱལ་ཁབ་ཀྱི་མགོ་ཁྲིད་པར་མཇལ་འཕྲད་གནང་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཨེ་ཤ་ཡ་དང་ཡོ་རོབ་གླིང་མཉམ་ལས་སོགས་གནད་དོན་ཐད་ནས་ལྟ་ཚུལ་བརྗེ་རེས་བྱེད་རྒྱུ་རེད།

  ལའོ་ཝའོ་ལ་འཚམས་འདྲི་བྱེད་སྐབས་ཙུང་ལི་ཝུན་ཅ་པོ་ཡིས་ལའོ་ཝའོ་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དང་མཉམ་དུ་ཕྱོགས་གཉིས་ཀྱིས་མཉམ་དུ་སེམས་ཁུར་བྱེད་པའི་གནད་དོན་གྱི་ཐད་ནས་ལྟ་ཚུལ་བརྗེ་རེས་ཟབ་མོ་བྱེད་རྒྱུ་ཡིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྱིམ་མཚེས་མཛའ་མཐུན་འབྲེལ་བ་སྔར་ལས་སྲ་བརྟན་དང་དངོས་གཉེར་མཉམ་ལས་གཏིང་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ལའོ་ཝའོ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་ཀྱི་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་རྒྱུ་རེད།