༄༅།།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གཟབ་རྒྱས་ངང་ཚོགས་རྗེས་མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་དུ་ཤན་ཤུགས་ཆེན་པོ་ཐེབས་པ།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་གཟབ་རྒྱས་ངང་ཚོགས་རྗེས། མཚོ་སྔོན་ཞིང་ཆེན་གྱི་བོད་ཁུལ་དུ་ཤན་ཤུགས་ཆེན་པོ་ཐེབས། བསྟུད་མར་ཉིན་འགའི་རིང་ལ་མཚོ་སྔོན་བོད་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་དང་གྲོས་བསྡུར་བྱས།

  བོད་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་གྱུར་སྒོས་བལྟས་ན། རིགས་སོ་སོའི་མི་དམངས་མཐུན་སྒྲིལ་དམ་པོ་བྱེད་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་རྒྱུ་ནི་བོད་ཁུལ་གྱི་རིགས་སོ་སོའི་མི་དམངས་ཀྱི་རེ་བ་ཡིན་པས། ཕྱིན་ཆད་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་དངོས་འབེབས་བཟང་བོ་བྱས་ཏེ། མཐུན་སྒྲིལ་འཆམ་མཐུན་དང་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་། ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བ་ལ་གཅེས་སྤྲས་བྱས་ནས། ཧུར་ཐག་སྒོས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་མངོན་འགྱུར་བྱེད་དགོས་པར་སྙམ།

  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་རྫོང་ཡེ་རྒན་ཉིན་གྲོང་བརྡལ་ནན་ཆི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨ་རྒྱ་ཡིས་བཤད་རྒྱུར། ཏང་གི་སྲིད་ཇུས་བཟང་བོའི་བཀའ་དྲིས་གྱིས་ང་ཚོ་འབྲོག་པ་མང་ཚོགས་ཀྱིས་མི་རབས་ནས་མི་རབས་བར་རྩྭ་ཆུར་བརྟེན་ནས་འཚོ་བ་རོལ་བའི་ལོ་རྒྱུས་མཇུག་རྫོགས་པ་དང་། རྒྱལ་ཁབ་ཀྱིས་ང་ཚོར་དྭངས་ཤིང་གསལ་བའི་གཏན་སྡོད་ཁང་བ་ལས་ཤིང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་ཟེར།

  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། བྲག་དཀར་སྤྲེལ་རྫོང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁོ་ནག་ཚང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅུ་བདུན་པའི་རྗེས་སུ། ཀྲུང་གོ་ལ་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་བ་དང་གྲོང་གསེབ་མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་ཇེ་མཐོར་སོང་། ང་ཚོས་ཆོས་ལུགས་ལས་རིགས་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཧུར་ཐག་སྒོས་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་སྣེ་ཁྲིད་བྱས་ཤིང་ད་ལྟའི་འཚོ་བ་བཟང་བོར་གཅེས་སྤྲས་བྱས་ནས། རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།

  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧར་དགེ་གྲོང་བརྡལ་དཔོན་ཚང་གོང་མ་སྡེ་བའི་མང་ཚོགས་མཁས་གྲུབ་ཀྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ང་ཚོ་སྡེ་བའི་འཚོ་བར་གནམ་ས་བླ་འོག་བརྗེ་འདྲའི་འགྱུར་ལྡོག་བྱུང་ཞིང་། ཞིང་ལས་ཀྱི་དཔྱ་ཁྲལ་དང་སློབ་རིན་མེད་པར་བཏང་བ་དང་། སྲིད་གཞུང་གིས་ང་ཚོར་དེང་རབས་ཀྱི་ཁྱད་ཆོས་ཡོད་པའི་ཁང་བ་གསར་བ་ལས་པ་ནི་སྔོན་ཆད་སེམས་ལའང་དྲན་དཀའ་བ་ཞིག་ཡིན་པས། ང་ཚོས་ངེས་པར་དུ་ད་ལྟའི་འཚོ་བར་གཅེས་སྤྲས་བྱེད་ངེས་ཡིན་ཟེར།

  མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གདང་ལ་གྲོང་བརྡལ་འབྲི་ཆུའི་འབྱུང་ཡུལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ཀུན་བཟང་རྣམ་རྒྱལ་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཏང་གི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་འོག འབྲི་ཆུའི་འབྱུང་ཡུལ་སྡེ་བའི་མང་ཚོགས་ཀྱིས་རྩྭ་སའི་སྐྱེ་ཁམས་ཁ་གསབ་མ་དངུལ་བླངས་པར་མ་ཟད་རླངས་འཁོར་ཉོ་ཐུབ་པར་གྱུར་བ་ལས་ཏང་གི་སྲིད་ཇུས་བཟང་བོ་དངོས་འབེབས་བྱས་པ་མཚོན་ཡོད་ཟེར།

  མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་གཙོ་གཞོན་པ་ཡང་དབྱིན་གྱིས་བཤད་རྒྱུར། སྐྱེ་ཁམས་འཛུགས་སྐྲུན་ནི་ཕྱིན་ཆད་མགོ་ལོག་འཕེལ་རྒྱས་སུ་གཏོང་བའི་རྩ་བའི་ཁ་ཕྱོགས་ཡིན། ཉེ་བའི་ལོ་འགའི་རིང་ལ་མགོ་ལོག་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གཙོར་བཟུང་སྟེ་མུ་མཐུད་དུ་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་ནས། སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་མ་ཟད། མང་ཚོགས་ཀྱི་འཚོ་བ་སྔར་ལས་ལེགས་བཅོས་ཆེན་པོ་བྱས་ཟེར།

  ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་རྫོང་སྐྱེ་རྒུ་གྲོང་བརྡལ་གྱི་དེང་རབས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཕུན་ཚོགས་ཀྱིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་ལ་སློབ་སྦྱོང་བྱས་པ་བརྒྱུད། ང་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། ཐོབ་དཀའ་བའི་གནས་བབ་བཟང་བོ་ལ་གཅེས་སྤྲས་བྱེད་པར་མ་ཟད། རང་རྟོགས་སྒོས་བདེ་འཇགས་མཐུན་སྒྲིལ་གྱི་རྣམ་པ་བཟང་བོར་སྲུང་སྐྱོབ་བྱས་ནས། ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བའི་ཐད་ལ་ནུས་པ་གང་ཡོད་འདོན་ངེས་ཡིན་ཟེར།