༄༅།།ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གཉིས་ཀྱིས་དངུལ་ཁང་དང་སྲིད་གཞུང་། ཁེ་ལས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་པ།

  ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། ཞིང་ཆེན་སྲིད་གཞུང་དང་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གཉིས་ཀྱིས་ཟི་ལིང་ནས་དངུལ་ཁང་དང་སྲིད་གཞུང་། ཁེ་ལས་བཅས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། རྒྱལ་ཁབ་ཕྱི་ནང་གི་དཔལ་འབྱོར་གནས་བབ་ཀྱིས་ཁེ་ལས་བདག་གཉེར་ལ་ཤུགས་རྐྱེན་ཐེབས་པ་དང་དངུལ་ལོར་གྱིས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱེད་པའི་ཐད་ལ་གྲོས་བསྡུར་བྱས། ཧྲིན་ཀྲང་གཞོན་པ་ཀའོ་ཡུང་ལུང་དང་། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཏུང་ཧྲི་ཀྲང་། ཧང་ཀྲང་ལིས་རོ་ཀུའུ་གཉིས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

  ཚོགས་ཐོག་ནས་ཞིང་ཆེན་ཚོང་དོན་ཐིན་གྱི་མཚོ་སྔོན་ཞིང་ཆེན་གྱི་ཕྱིར་ཕྱོགས་ཉོ་ཚོང་དང་ཕྱིར་གཏོང་ནང་འདྲེན་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དང་། མཚོ་སྔོན་བོད་ལུགས་སྡེ་ཚོགས་ཚད་ཡོད་ཀུང་ཟི། རྨ་ཆུ་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་ཀུང་ཟི་སོགས་ལས་ཁུངས་ལྔ་ཡིས་ཚོགས་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ།

  ཀའོ་ཡུང་ལུང་གིས་གཏམ་བཤད་སྐབས་ཐོག་མར་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཧང་ཀྲང་ལིས་རོ་ཀུའུ་སོགས་མཚོ་སྔོན་དུ་རྟོག་ཞིབ་བྱེད་པར་ཡོང་བར་དགའ་བསུ་ཞུས་པར་མ་ཟད། ཀྲུང་གོ་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་དུས་ཡུན་རིང་བོར་མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དང་དཔལ་འབྱོར་འཁོར་རྒྱུག་གི་གནས་ཚུལ་མཚམས་སྦྱོར་མདོར་བསྡུས་བྱས་རྗེས། ཀའོ་ཡུང་ལུང་གིས་བཤད་རྒྱུར། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་དེ་རང་གི་ལས་འགན་ཞིག་ཏུ་བརྩིས་ནས། མཚོ་སྔོན་གྱི་ཁེ་ལས་མང་པོར་སྔ་གཞུག་ཏུ་དངུལ་བུན་གྱིས་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་ཁྱད་པར་དུ་ཁེ་ལས་ཀྱི་འཕེལ་རྒྱས་ལ་དངུལ་ལོར་གྱིས་རྒྱབ་སྐྱོར་ཆེན་པོ་བྱས་པ་ཡིན་ཟེར།

  ལིས་རོ་ཀུའུ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་ལ་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཆེ་ཞུས། ཁོས་མཚོ་སྔོན་གྱི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་རྒྱུ་ནི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གི་དོར་ཐབས་མེད་པའི་འོས་འགན་ཞིག་ཡིན་པས། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་དངུལ་ཁང་གིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་དངུལ་བུན་གྱིས་རྒྱབ་སྐྱོར་ཆེན་པོ་བྱེད་རྒྱུ་ཡིན་ཟེར།