གཡུ་ཆུང་གི་བརྩམས་སྒྲུང་གསར་བ། ཨོ་ཏ་ལི་ཡཱ།

 

  ------བརྩམས་སྒྲུང་འདི་གྲུབ་པར་ཨིན་ཊི་ཨན་གྱི་རྩོམ་པ་པོSherman Alexieལ་བཀའ་དྲིན་ཞུ་དགོས་ཡོད།

  1

  ཁོས་ཁོ་ཨོ་སྀ་ཁྲ་ལི་ཡཱ(Australia)ནས་ཡིན་ཞེས་བཤད་མ་ཐག མི་ཉག་སྒྲོལ་མས་བྱམས་པ་ཡིད་ལ་དྲན། “ཨོ་སྀ་ཁྲ་ལི་ཡཱ། ཀངྒ་རུ(Kangaroo)ཡོད་ས་དེ”ཁོས་མི་ཉག་སྒྲོལ་མས་ཤེས་ཀྱིན་མི་འདུག་སྙམ་ནས་གསལ་བཤད་ཀྱི་ཚུལ་དུ་དེ་ལྟར་སྨྲས་པ་ན། མི་ཉག་སྒྲོལ་མས་ལྷག་པར་བྱམས་པ་དང་ཁོའི་ལག་པ། ཁོ་དང་ལྷན་དུ་རྒྱ་ཁོག་ཟོས་པའི་ནུབ་མོ་དེ་ཡིད་ལ་ཤར། མིག་གིས་ཁོ་ལ་ལྟ་ཞོར“ཤེས་དང་ཤེས”ཞེས་ལན་བཏབ།

  བྱམས་པར་ཕྲད་པའི་ཉི་མ་དེར། མི་ཉག་སྒྲོལ་མ་མོའི་མཚོ་སྔོན་སོག་རྫོང་གི་གྲོགས་མོ་ཟོན་ཐར་སྐྱིད་ཚང་ན་བསྡད་ཡོད་ལ། ཕྱི་ཉིན་ཟི་ལིང་དུ་ཡོད་པའི་ཐེབས་རྩ་ཚོགས་པའི་ཚོགས་འདུ་ལ་ཞུགས་དགོས་པར་གྱུར་པས། མོ་གྲོགས་མོ་ཚང་ནས་ཁ་གྱེས་ཏེ་རླངས་འཁོར་བསྐོར་ཏེ་ཟི་ལིང་དུ་སོང་། ལམ་བར་དུ་འབྲོག་པ་ཞིག་གིས་ལག་པ་ཡར་བཀྱགས་ནས་རླངས་འཁོར་འགོག་གིན་ཡོད་པར། མོས་གང་ལྟར་རང་གཅིག་པུ་ཡིན་པས་རོགས་ཤིག་བྱེད་འཇོག་བསམས་ནས་རླངས་འཁོར་ཁ་འགོག་ཞོར་སྒེའུ་གཡས་པ་མར་དེད།

  མི་དེས“ང་ཟི་ལིང་ལ་འགྲོ་རྒྱུ་ཡིན། ཁྱེད་གང་དུ་འགྲོ ཅུང་ཟད་ཁྱེར་ན་ཆོག་གམ”ཟེར། ཁོའི་སྐད་མགོ་ནི་འབྲོག་ཁུལ་གྱི་མི་ཞིག་དང་ལྷག་པར་དུ་གཞུང་ལམ་འགྲམ་ནས་ཕྲད་པའི་འབྲོག་པ་ཞིག་ལ་མཚོན་ན་ཆེས་དམའ་ཞིང་ལྷོད། དེས་མི་ཉག་སྒྲོལ་མ་ཅུང་ཟད་མཚར་བར་བྱས། མོས“ནང་ལ་བུད་དང་འགྲོ”ཞེས་བཤད།

  མི་དེ་ནི་སྐྱེས་པ་དར་མ་ཞིག་སྟེ། མི་ཉག་སྒྲོལ་མ་ལས་ལོ་ལྔ་དྲུག་ཙམ་གྱིས་ཆེ་བར་སྣང་།

  ཁོས་རླངས་འཁོར་གྱི་སྒོ་ཕྱི་མ་ཕྱེས་ཏེ་འདུག་སྟེགས་ཕྱི་མར་བསྡད། ཁོའི་རྗེས་སུ་ཞོགས་འོངས་པའི་གྲང་རླུང་གིས་མི་ཉག་སྒྲོལ་མའི་གཉའ་བར་འཁྱགས་ཤད་ཅིག་བརྒྱུགས་པས་མོས་གོང་བ་ཡར་འཐེན་ཙམ་བྱས། སྣ་ལམ་དུ་ལྡར་ལ་འཕངས་པའི་ཚ་རུའི་དྲི་མ་ལྟ་བུ་ཞིག་འཐུལ། ཁོས་སྒོ་རྒྱག་ཞོར“བཀའ་དྲིན་ཆེ། དྲིན་ཆེན་པོ”ཟེར། ཅུང་ཙམ་ནས་ཅི་ཞིག་དྲན་པ་ལྟར“ཁྱེད་གང་དུ་འགྲོ་གི་ཡོད”དྲིས། མོས་འུ་གཉིས་ལམ་གཅིག་རེད་ཅེས་ལན་བཏབ།

  མོས་ཕྱིར་ལྟའི་མེ་ལོང་དུ་ལྟ་ཞོར་ཁྱོད་ས་འདིའི་ཡིན་ནམ་དྲིས་པར། ཁོས“ཡིན། ཨ་རིག་གི་ཡིན། ཨ་རིག་གླེན་པ་གོ་མྱོང་ངམ”ཟེར། མོས“ཨ་རིག་ཟེར་བ་གོ་མྱོང་། ཨ་རིག་གླེན་པ་གོ་མ་མྱོང་། དེ་ཅི་ཞིག་རེད”ཅེས་དྲིས་པར། ཁོ་དགོད་ཙམ་བྱས་ནས། “ཀུ་རེ་ཡིན། ཅང་མ་རེད། ཁྱོད་གང་གི་ཡིན”ཞེས་ཕྱིར་དྲིས། མི་ཉག་སྒྲོལ་མས“ང་མི་ཉག་གི་ཡིན”ཞེས་བཤད་པར། ཁོས“མི་ཉག? རྩ་མྱི་ཤིང་མྱི་རུའོ་ཡིན?”ཞེས་ཡ་མཚར་བའི་ངང་མོ་ལ་བལྟས། མོས་ཁོས་ཅི་ཟེར་ཧ་མ་གོ་བར་ཕྱིར་ལྟའི་མེ་ལོང་ནང་དུ་ཁོ་ལ་ལྟ་ཙམ་བྱས་ཤིང་། “རྩ་མྱི་ཤིང་མྱི?དེ་ཅི་རེད” ཅེས་དྲིས་པར། ཁོས“ཁྱོད་ཚོར་ཤར་གྱི་རྩྭ་མྱི་ཤིང་མྱི་ཟེར་བ་མ་རེད་དམ”ཟེར། “མ་རེད། མ་རེད” མོས་འཕྲལ་དུ་ཁས་མ་བླངས། གལ་ཏེ་ཁོའི་ཚིག་ཟུར་ན་སྨད་པའི་གདངས་ཤིག་ཡོད་ན་མོས་ཁ་ལན་ཞིག་ངེས་པར་བསློག་སྲིད་མོད། ཁོའི་སྐད་གདངས་ལ་སྨད་པའི་ཉམས་ཅུང་ཟད་ཀྱང་མེད་པས། མོས་ཀྱང་སྤྱིར་བཏང་གི་དགག་སྒྲ་ཞིག་གིས་མཚམས་བཅད།

  ཅུང་ཙམ་ལ་ཁོ་གཉིས་ལ་སྨྲ་བ་ཅི་ཡང་མེད་པར་སོང་། མོས་ཕྱིར་ལྟའི་མེ་ལོང་དུ་ལྟ་དུས། ཁོས་ནི་སྒེའུ་ཕྱི་རོལ་དུ་མི་རིང་བར་རྒྱབ་ཕྱོགས་སུ་སྐྱུར་གྱིན་པའི་ལམ་འགྲམ་གྱི་ལྕགས་སྡོང་དང་ཐག་རིང་གི་རི་ཚོགས་ལ་བལྟས་འདུག

  མི་ཉག་སྒྲོལ་མས་རླངས་འཁོར་ནང་གི་ཕྱིར་ལྟའི་མེ་ལོང་ལ་སླར་ཡང་ལྟ་ཙམ་བྱས། ཁོའི་ཤ་རྩ་སྨུག་ཅིང་ཤ་བཀྲག་དྭངས། ཅུང་ཟད་བགད་དུས་དཀར་ལ་གྲལ་འགྲིག་ཅིང་ཚགས་དམ་པའི་མདུན་སོ་ཅུང་ཟད་མཐོང་ནུས་ཤིང་། གཟེངས་མཐོ་བའི་སྣ་གོང་དུ་ཐད་ཀར་ཙག་རླུང་བསུས་མྱོང་བའི་མིག་གཉིས་སྒོར་ལ་ཆ་ག་ཉིས་བརྩེགས་ལྟ་བུ་འདུག་ཅིང་། མིག་རྩ་ཅུང་ཟད་དམར་བོར་གྱུར་འདུག ཅུང་ཟད་རེ་ནས་རྩུབ་ལ་རགས་པའི་ལག་པ་ཆེན་པོ་དེས་ངོ་ལ་ཕུར་ཕུར་རེ་བྱེད།

  “ཁྱོད་ཀྱིས་འདི་ཕྱོགས་སུ་ཅི་བྱེད་ཀྱིན་ཡོད”མཚམས་ཤིག་ཁོས་དེ་ལྟར་དྲིས་པར་མི་ཉག་སྒྲོལ་མས“ངས་ཟི་ལིང་དུ་ལས་ཀ་གཉེར་གྱིན་ཡོད། ཁྱོད་ཟི་ལིང་དུ་འགྲོ་དོན་ཅི་ཡིན”ཞེས་དྲིས། ཁོས“ནང་མི་འགའ་ལྷ་སར་གནས་མཇལ་ལ་སོང་ནས་སང་ཉིན་ཟི་ལིང་དུ་ཡོང་གིན་ཡོད་པས་ང་ཁོ་ཚོའི་སྔོན་ལ་འགྲོ་གི་ཡོད”ཟེར།

  སླར་ཡང་ཇ་ཡུན་ཕྱེད་ཙམ་གྱི་རིང་ལ་ཁོ་གཉིས་སྨྲ་བ་ཅི་ཡང་མེད་པར་སོང་། མོས་ཡང་བསྐྱར་ཕྱིར་ལྟའི་མེ་ལོང་དུ་བལྟས། ཁོས་རྐུབ་སྟེགས་ལ་རྒྱབ་བསྙེས་ཤིང་ལག་པ་གཡས་པའི་གྲུ་མོ་རླངས་འཁོར་གྱི་སྒེའུའི་མ་ཐེམ་ལ་བཞག་ཏེ་ལག་པས་འགྲམ་པ་བསྐྱོར་འདུག་ཅིང་མིག་གཉིས་ཀྱིས་དམིགས་ཡུལ་མེད་པར་སྒེའུའི་ཕྱི་ཕྱོགས་སུ་བལྟས་འདུག ཁོའི་མགྲིན་པའི་མདུན་ངོས་སུ་འབུར་བའི་ཨོལ་མདུད་ལ་མི་ཉག་སྒྲོལ་མས་སླར་ཡང་འཁྱུག་ཙམ་བལྟས།

  རླངས་འཁོར་མང་པོས་ཁོ་གཉིས་རྗེས་སུ་བསྐྱུར་ཅིང་། ཁོ་གཉིས་ཀྱིས་ལམ་འགྲམ་གྱི་ལྕགས་སྡོང་དང་ཐག་མི་རིང་བའི་ཁང་པ་དག་རྗེས་སུ་བསྐྱུར།

  མོས་སླར་ཡང་ཕྱིར་ལྟའི་མེ་ལོང་དུ་ལྟ་དུས། ཁོས་མགོ་ཕྱི་ཕྱོགས་སུ་བསྙེས་ཤིང་ཨོལ་མདུད་འབུར་བོ་དེ་ཕྱི་ལ་བསྟན་ནས་གཉིད་འདུག ཁོའི་ཉལ་སའི་ནང་གི་རྩལ་ཇི་འདྲ་ཡིན་ནམ། དབྱར་ཁའི་ལྷས་འདབས་སུ་ཕུབ་པའི་གུར་ནང་གི་འབྲོག་མོ་ག་ཚོད་ཅིག་གི་འོ་འཛིན་ལ་ཁོས་ཆེ་ལ་ནག་པའི་ལག་པ་དེས་ཕུར་མྱོང་ངམ། མོའི་གར་ཡོང་མ་ཤེས་པའི་དྲན་འགྱུ་དེས། མོ་རང་ཉིད་ཀྱང་ངོ་ཚ་རུ་བཅུག་པས་གཡོན་ཕྱོགས་ཀྱི་གཞུག་ལྟའི་མེ་ལོང་ནང་ལྟ་ཁུལ་གྱིས་མགོ་ཕར་དཀྱོགས།

  ཁོ་གཉིས་ཟི་ལིང་དུ་སླེབས་དུས། ཕྱི་དྲོའི་ཆུ་ཚོད་དྲུག་པར་སླེབས། ཁོས་གླ་ཆ་སྟེར་རྩིས་བྱས་པར་མི་ཉག་སྒྲོལ་མས་མ་བླངས། ཁོས་སླར་ཡང་ཨུ་ཚུགས་བྱེད་སྐབས་མོས་འོ་ན་ནུབ་ཇ་ཁྱོད་ཀྱིས་མགྲོན་བྱོས། འུ་གཉིས་རྒྱ་ཁོག་བཟའ་རུ་འགྲོ་ཞེས་བཤད་པར། ཁོས“འོ་དེ་རེད། ང་ལའང་དེ་རིང་དོན་དག་ཅི་ཡང་མེད”ཅེས་ཁོ་གཉིས་རྒྱ་ཁོག་བཟའ་ས་ཞིག་ལ་ཕྱིན།

  2

  ཁོ་གཉིས་ཀྱི་ཁ་བརྡ་ངོ་མ་ནི་རྒྱ་ཁོག་ཏུ་འཕེན་རྒྱུའི་ཤ་ཁྱེར་ཡོང་རྗེས་ད་གཟོད་མགོ་བརྩམས་པ་ཡིན་ཏེ། རང་རང་གི་མིང་ཕན་ཚུན་ལ་བཤད་རྗེས་བྱམས་པས་ཤ་སྡེར་མ་གང་ཁྱེར་ཡོང་བ་དེ་མཐོང་མ་ཐག“ཨུན་་་ཨོ་ཏ་ལི་ཡཱའི་ཤ་རེད”ཟེར། མི་ཉག་སྒྲོལ་མས“ཁྱོད་ཀྱིས་ཇི་ལྟར་ཤེས”ཞེས་བཤད་པར། བྱམས་པས་སྨན་པ་རྒན་པ་ཞིག་གིས་རི་སྐྱེས་རྩྭ་སྨན་ངོས་འཛིན་གྱིན་པ་དང་འདྲ་བར“ཤའི་མདོག་ལས་ཤེས”ཟེར་བ་དང་། ཡང་ཅུང་ཟད་བླངས་ནས་ཁ་ནང་ལ་བཞག་རྗེས“མ་བཙོས་གོང་གི་བྲོ་བ་ལས་ཀྱང་ཤེས”ཟེར།

  “གཞེས་ནང་ལོ་ནས་བཟུང་མི་མང་གིས་རྩྭ་ཐང་སྟེང་ནས་འཚོས་པའི་ལུག་ཤ་མི་ཉོ་བར་ཨོ་ཏ་ལི་ཡཱའི་ལུག་ཤ་ཉོ། གསོས་ལུག་གི་ཤ་འདི་འདི་འདྲ་བྲིན་དོན་ཅི་ཡིན་ནམ”ཁོས་འདྲི་གདངས་དེས་ཡུན་རིང་པོ་ལ་དྲི་བ་དེར་མནོ་བསམ་བྱས་པ་ཚོར་འོངས།

  “འུ་ཚོའི་ཕ་ཡུལ་ནའང་ཨོ་ཏ་ལི་ཡཱའི་ཤ་ཡོད་དམ”མི་ཉག་སྒྲོལ་མ་ཡིད་མ་ཆེས་པར་དྲིས།

  “ལོས་ཡོད། དེང་སང་བོད་ཀྱི་ལུག་རྫི་ཚོས་ཀྱང་ཨོ་ཏ་ལི་ཡཱའི་ཤ་བཟས་ཏེ་བསྡད་ཡོད་རེད་དཱ”

  “ཨོ་ཏ་ལི་ཡཱའི་ཤ་དེ་འདྲ་ཞིམ་མམ”

  “ཞིམ་ནས་བཟའ་གི་ཡོད་པ་མ་རེད། གོང་སླ་ནས་བཟའ་གི་ཡོད་པ་རེད། ཞིམ་མིན་བཤད་ན་རང་གི་ལུག་ཤའི་ཞིམ་ཞིག་གང་ན་ཡོད་མོད། ཁ་རྒྱབ་ཀྱི་ཆེད་དུ་རང་གི་ཤ་ཞིམ་པོ་ཕྱིར་བཙོང་ཨེ་ཐུབ་བལྟས་ཏེ། ཕྱིར་གོང་སླ་བའི་གསོ་ལུག་གི་ཤ་ཉོ་བཞིན་པ་རེད། འོན་ཀྱང་ད་ལྟ་རང་གི་ཤ་ཡང་གོང་མར་མ་བཅག་ན་བཙོང་ཐུབ་ཀྱིན་མེད།”

  བྱམས་པས་མི་ཉག་སྒྲོལ་མའི་དྲི་བ་གཉིས་ཀར་ལན་བཏབ་རྗེས་མཐར“འདི་ཚང་གིས་བསམ་གཟས་ནས་བོད་པ་ཚོའི་ཚོང་རྒྱུགས་སུ་འཇུག་གིན་མེད་པ་དེ་རེད”ཞེས་སྤྱི་སྡོམ་ལྟ་བུ་ཞིག་བྱས། མི་ཉག་སྒྲོལ་མས་ཁོས་འདི་ཚང་ཟེར་བ་གང་ལ་གོ་བ་ཤེས་པས། མོས“ཨོ་ཏ་ལི་ཡཱའི་ཤ་བཙོང་བ་དེ་སྲིད་གཞུང་དང་འབྲེལ་བ་ཆེར་ཡོད་རྒྱུ་མ་རེད། དེ་ནི་ཕྱི་རྒྱལ་གྱི་འབྲོག་པ་དེ་ཚོ་འཇོན་སོང་བའི་རྟགས་རེད”ཟེར། ཅུང་ཙམ་ནས་མོས་ཚིག་རྐང་ཕྱི་མ་དེ་ཡང་བསྐྱར་ཐེངས་གཅིག་བཟླས་རྗེས། “ཕྱི་རྒྱལ་གྱི་འབྲོག་པ་དག་གིས་ཚན་རྩལ་ལ་བརྟེན་ནས་ཕྱུགས་ཁང་བཟོས་ཤིང་སྒོ་ཕྱུགས་འཚོས་པས་ཕྱུགས་རྒྱུད་འཕེལ་སླ་ལ། ཤ་དགོས་ན་ཤ་དང་ཚིལ་དགོས་ན་ཚིལ་འཕེལ་བའི་རྫས་གསར་པ་ལ་བརྟེན་པ་དང་། ཞོར་ལ་སྒོ་ཕྱུགས་ཀྱི་འཕྲོད་བརྟེན་དང་བདེ་ཐང་ལའང་ཁག་ཐེག་ཡོང་དུ་བཅུག་སྟེ། རྒྱལ་སྤྱིའི་བདེ་ཐང་གི་ཚད་གཞིར་ལོངས་སུ་བཅུག་པས་ཕྱོགས་སོ་སོའི་ཚོང་རྭས་ནང་འདྲེན་བྱས་པ་རེད” མི་ཉག་སྒྲོལ་མས་མིག་ཤེལ་གདོང་བའི་སྟེང་སྣུར་ཙམ་བྱེད་ཞོར་དེ་ལྟར་བཤད་པ་ལ། ཁོས་འདང་ཅུང་ཟད་བརྒྱབ་ནས། “ལུག་ཤ་འདི་དག་གནམ་གྲུའི་ནང་ནས་དབོར་ཡོང་བ་རེད་དམ། ཨོ་ཏ་ལི་ཡཱ་དང་ཀྲུང་གོ་ཐག་རིང་ངམ”ཟེར། མི་ཉག་སྒྲོལ་མས“ཧ་ལམ་མཚོ་ཐོག་བརྒྱུད་དེ་དབོར་འོངས་པ་ཡིན་རྒྱུ་རེད། ཐག་ཤིན་ཏུ་རིང”ཞེས་བཤད།

  “ནང་འདྲེན་མ་བྱས་ན་མི་ཆོག་གམ། འདི་ཚང་གིས་འབྲོག་པ་ཚོ་སྤྲང་དུ་འཇུག་རྩིས་ཡིན་པ་འདྲ། དམྱལ་བ་ཚང་རེད་ཡ”ཁོས་རྒྱ་ཁོག་ནང་ལྷོག་ལྷོག་གདུ་བཞིན་པའི་ཨོ་སི་ཁྲུ་ལི་ཡའི་ལུག་ཤ་ལྷེབ་མོ་དེ་དག་ལ་ལྟ་ཞོར་དེ་སྐད་ཟེར། ཁོའི་རྩུབ་ལ་ཆེ་བའི་ལག་པ་གཡས་པ་དེས་ད་དུང་འཐུང་ཚར་མེད་པའི་ཁོ་ཁོ་ཁུ་ནག་གི་ལྕགས་ཀྲིན་དེ་བལྟེབས་ནས་ཁེབས་ཀྱང་ཤོར་འདུག མོས་མདུན་གྱི་སྡེར་མ་ལས་ཚལ་སྣ་འགའ་རྒྱ་ཁོག་ཏུ་འཕེན་ཞོར་ཁོ་ལ“ནང་འདྲེན་དང་ཕྱིར་གཏོང་བྱེད་མིན་ནི་གཙོ་བོ་ཚོང་རྭའི་དགོས་མཁོ་ལ་ཐུག་ཡོད་པ་རེད། ལོ་འདི་དག་ལ་རང་རྒྱལ་གྱི་མི་མང་གི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བས། ཤ་ཉོ་མཁན་ཇེ་མང་དུ་སོང་བ་ཡིན་རྒྱུ་རེད”ཞེས་བཤད་པ་དང་། ཚོང་རྭའི་འཁོར་རྒྱུགས་ཀྱི་གནས་ལུགས་འགའ་ཤས་འཆད་རྩིས་ཤིག་བྱས་རྗེས་ཁོས་དེ་དག་གོ་མི་སྲིད་སྙམ་ནས་དེའི་མུར་མདུན་གྱི་ཇ་ཕོར་ལས་ཇ་ཁམ་གང་བཏུང་ནས་མགྲིན་པའི་ཁར་སླེབས་པ་ཆ་ཚང་ཕྱིར་མིད།

  “སྨན་རྩྭའི་གོང་ཡང་གློ་བུར་དུ་ལྷུང་སོང་། དེ་ཡང་འདི་བ་ཚང་གིས་བོད་པ་ཚོ་སྨན་རྩྭ་ལ་བརྟེན་ཡོད་པ་ཤེས་པས་བསམ་བཞིན་དུ་གོང་ལྷུང་དུ་བཅུག་པ་རེད། དམྱལ་བ་ཚང་ཁོག་བཙོག་ནི་རེད་ཡ”ཁོས་མུ་མཐུད་དུ་ལེ་བདའ་དང་བཅས་དེ་ལྟར་ཟེར། མི་ཉག་སྒྲོལ་མ་ནི་ཁོའི་འདོད་ཚུལ་དེ་དག་གིས་ཧ་ལས་སུ་བཅུག མི་ཉག་སྒྲོལ་མས་སླར་ཡང་གཏམ་གྱི་མགོ་ནས་བཟུང་སྟེ། འདི་དག་ནི་སྲིད་གཞུང་གིས་བསམ་གཟས་ནས་བྱས་པ་ཞིག་མིན་ལུགས་སོགས་བཤད་རྒྱུར་སྒྱིད་ལུག་ནས་སེམས་ངལ་དང་དགོད་རྒྱུ་གཉིས་དུས་མཉམ་པོར་ཐོན་པས། དགོད་ཙམ་བྱས་ནས་ཁོ་ལ"ཡ་་་ད་བཟའ"ཞེས་བཤད།

  ཁོས“ཡ་ཡ”ཟེར་ཞོར་མདུན་ཅོག་གཡས་ཟུར་ན་བཞག་ཡོད་པའི་ལུག་ཤ་ལྷེབ་མོ་སྡེར་མ་གང་བོ་དེར་བལྟས་ནས་མ་ཎི་འདོན་མགོ་བརྩམས་པས། མི་ཉག་སྒྲོལ་མས་སྔ་ས་ནས་ལག་ཏུ་བཟུང་བའི་ཐུར་མ་ཕྱིར་མདུན་ཅོག་སྟེང་བཞག་པ་དང་མདུན་ན་ལྷོག་ལྷོག་གདུ་བཞིན་པའི་ལུག་ཤ་ལྷེབ་མོ་དེ་དག་ལ་ལྟ་བཞིན་ཁོས་འདོན་ཚར་རག་བར་བསྒུགས། ཁོས་མ་ཎི་ཚར་འགའ་བཏོན་རྗེས། སླར་ཡང་གོ་ཡང་མ་མྱོང་བའི་སྔགས་ཡིག་ཅིག་བཏོན་པ་དང་ཚར་རེ་བཏོན་རྗེས་མཛུབ་མོ་རེ་ནང་ལ་བཀུགས། དེ་ལྟར་ཁོས་མཛུབ་མོ་བདུན་ནང་ལ་བཀུགས་རྗེས། ཡ། ད་བཟའ་འོ་ཟེར། སྐབས་དེར་མི་ཉག་སྒྲོལ་མས་ཀྱང་ཚོད་ཚོད་ལ་ཟ་རྐྱང་བྱེད་ག་ལ་རུང་སྙམ་ནས་སེམས་སུ་མ་ཎི་ཚར་འགའ་བཏོན།

  ཁོས་གདུ་བཞིན་པའི་རྒྱ་ཁོག་ལས་ཤ་ལྷེབ་མོ་འགའ་བླངས་ནས། “ཡ། ཡང་བོད་ཀྱི་ལུག་རྫིས་ཨོ་ཏ་ལི་ཡཱའི་ལུག་ཤ་བཟའ”ཟེར། ཏག་ཏག་སྐད་ཆ་འདིས་མི་ཉག་སྒྲོལ་མ་ཡང་སྐྱོ་བར་བྱས།

  ཡུན་ཙམ་ལ་ཁོ་གཉིས་ཁ་རོག་གེར་རང་རང་སར་རྒྱ་ཁོག་ལས་ཤ་དང་ཚོད་མ་བླངས་ནས་ཟོས། མི་ཉག་སྒྲོལ་མས་རྒྱ་ཁོག་ནང་གི་ཤ་ལེན་ཐེངས་རེར་དེ་ནི་ནམ་རྒྱུན་ལྟར“ཤ”བཟའ་བཞིན་པ་མིན་པར། ཨོ་སི་ཁྲུ་ལི་ཡའི་ཤ་བཟའ་བཞིན་པར་སྙམ་པས་དོགས་མི་བདེ་བ་དང་། དེའི་བྲོ་བ་ཡང“ཤ”ཡི་བྲོ་བ་མིན་སྙམ་ཤར། མོས་ཁོ་ལ་བལྟས་དུས། ཁོས་ནི་སྐད་ཆ་དེ་འདྲ་ཞིག་ཁ་ནས་བཤད་པ་ཙམ་ལས། ཕོག་ཐུག་གམ་སྐྱོ་སྣང་ཅུང་ཙམ་ཡང་མེད་པར་བཟའ་བཞིན་འདུག

  མཚམས་ཤིག་ཁོས“ཐོག་དང་པོར་བཟའ་དུས་ཨོ་ཏ་ལི་ཡཱའི་ཤ་འདིར་ཤའི་བྲོ་བ་མེད་པར་རྒྱའི་ཏུག་ཧྥུ་བཟས་པ་དང་འདྲ། དེ་འདྲ་མ་རེད་དམ”ཟེར། མི་ཉག་སྒྲོལ་མས་མོས་ནི་བོད་ལུག་གི་ཤའི་བྲོ་བའང་མི་ཤེས་བར་འདུག ཅེས་བཤད་པར་ཁོས“ཁྱོད་ཚོས་ཨོ་ཏ་ལི་ཡཱའི་ཤ་ཟོས་ནས་ལོབས་སོང་བ་རེད། གོམས་ལོབས་ཞེས་པ་དེ་ལས་འཇིགས་སྤྱད་ཅིག་མེད”ཟེར།

  ཁོ་གཉིས་ཀྱིས་རྒྱ་ཁོག་བཟའ་ཞོར་མི་གླེང་དགུ་གླེང་བྱས། མོས་ཁོ་ལ་ཨ་རིག་གླེན་པ་ཟེར་བ་ཅི་ཡིན་སྐོར་དྲིས་པས་ཁོས་ཨ་རིག་གླེན་པའི་གཏམ་རྒྱུད་བཤད་དེ་ཨ་རིག་གླེན་པ་ཐོགས་དོན་སྨྲས། ཁོས་ད་དུང་རང་གི་ཨ་མྱེའི་ཁ་ནས་མི་ཉག་ལ་ཤར་རྩྭ་མྱི་ཤིང་མྱི་ཞེས་འབོད་ཚུལ་དང་དེ་ནི་མི་ཉག་གི་ཡུལ་ན་མི་ཤིན་ཏུ་མང་པོ་ཡོད་པས་རྩྭ་རྩི་ཤིང་ཐམས་ཅད་མི་ཡིན་ཞེས་པའི་དོན་རེད་སོགས་མི་ཉག་སྐོར་གྱི་སྒྲུང་ཡང་སྣ་ཚོགས་བཤད། མོས་སྐབས་དེ་དག་ལ་ཕྱི་ཉིན་གྱི་ཐེབས་རྩ་ཚོགས་པའི་ཚོགས་འདུ་དང་། གཞུང་ཞབས་པའི་རྒྱུགས་མ་འཕྲོད་པའི་ནུ་བོར་ལས་ཀ་འཚོལ་རྒྱུ། ཨ་མས་ནམ་རྒྱུན་ཁ་པར་བཏང་ནས་མྱུར་དུ་ཆང་ས་རྒྱག་དགོས་སྐོར་རྒྱུ་གོ་སྐོན་སློབ་གསོ་སོགས་མགོ་ན་བའི་སེམས་ཁྲལ་དེ་དག་ཁྱོན་ནས་བརྗེད་དེ་བདེ་སྐྱིད་དང་དགའ་སྤྲོས་སེམས་ཁ་གང་།

  ཁོས་ཤ་སྡེར་མ་གཉིས་པ་དེ་བླངས་ནས་རྒྱ་ཁོག་ཏུ་འཕེན་སྐབས། “ཨོ་ཏ་ལི་ཡཱའི་ཤ་འདིས་གཞེས་ནིང་ལོ་ནས་བཟུང་འབྲོག་པ་ཚོའི་ཉལ་ས་མི་བདེ་བར་བྱས་པ་རེད། ཕྱུགས་དང་སྨན་རྩྭའི་ཕན་ཆད་ན་འབྲོག་པ་ཚོ་ལ་བརྟེན་ས་ཅི་ཡོད་དམ”ཟེར།

  ཁོས་ལག་གི་ཐུར་མ་གཉིས་ཐང་ལ་བཞག་ནས་གཅིག་བྱས་ན་ཁྱོས་ཤེས་ན་ཐང་ཟེར་ཞོར་མདུན་གྱི་གཙང་ཤོག་ཅིག་བླངས་ཏེ། ཁྱོད་ལ་སྙུ་གུ་འདྲ་ཡོད་དམ་ཞེས་དྲིས་པར། མི་ཉག་སྒྲོལ་མས་གམ་གྱི་ཁུག་མ་ལས་སྣུམ་སྙུག་ཅིག་བླངས་ནས་ཁོ་ལ་ཕྱིན། ཁོས་གཙང་ཤོག་དེའི་སྟེང་ལT A Y L O R P R E S T O Nཞེས་བྲིས་ཏེ། “ལུག་ཤ་ནང་དུ་བཅུག་ཡོད་པའི་ཤོག་སྒམ་དཀར་པོ་གྲུ་བཞི་དེ་ཚོའི་སྟེང་ལ་ཡི་གེ་འདི་ཚོ་བྲིས་འདུག”ཞེས་མི་ཉག་སྒྲོལ་མར་ཤོག་བུ་དེ་བསྟན། མི་ཉག་སྒྲོལ་མ་ཧ་ལས། “ཁྱོད་ཀྱིས་དབྱིན་ཡིག་སྦྱངས་མྱོང་ངམ”ཞེས་ཧ་ལས་པའི་ངག་གིས་དྲིས། ཁོས“སྦྱངས་མ་མྱོང་། ང་ལོ་གཅིག་ལ་མ་གཏོགས་སློབ་གྲྭར་འགྲོ་མ་མྱོང”ཞེས་བཤད། མི་ཉག་སྒྲོལ་མས་སྔར་བས་སྐད་ཆེ་རུ་བཏང་ནས། “ཤོབ་མ་ལབ!” ཟེར། ཁོས“འདི་དག་འབྲི་མི་ཤེས་རྒྱུ་ཅི་ཡོད། ངེད་ཚོས་ནམ་རྒྱུན་ཡི་གེ་འདི་དག་མཐོང་ཐུབ། མི་ཤེས་རྒྱུ་ནི་དེའི་ནང་དོན་རེད་”ཟེར། མོས་ཁོས་བྲིས་པ་དེར་ཅུང་ཟད་བལྟས་རྗེས། Tylor Prestonཞེས་བཏོན་ཏེ། འདི་མི་ཞིག་གི་མིང་དང་འདྲ་བོ་འདུག་ཟེར་ཞོར། གམ་གྱི་ཁུག་མ་ལས་ལག་འཁྱེར་བླངས་ནས་དྲ་ཐོག་ཏུ་བཙལ། མོས་ཅུང་ཙམ་ནས་འདི་མི་ཞིག་གི་མིང་ཡང་རེད་ལ་ཀུང་སིའི་མིང་ཡང་རེད་ཅེས་བཤད།

  མི་ཉག་སྒྲོལ་མས“འོ། འདི་ཨོ་ཏ་ལི་ཡཱ་མ་རེད། ཞིན་ཞི་ལན་རེད། འོན་ཀྱང་། དེ་གཉིས་ཁྱིམ་མཚེས་རྒྱལ་ཁབ་ཡིན་པས། ཐག་ཧ་ཅང་ཉེ་བོ་ཡོད། སྤྱི་གཉེར་ཁང་འདི་ནི་ཐེ་ལོར(Taylor གྷི་རཱ་སེ(Grace) ཕྀ་རེ་སི་ཏོན(Preston) ཟེར་བའི་ཁྱིམ་རྒྱུད་གསུམ་ལ་དབང་བ་དང་། ཁྱིམ་རྒྱུད་སྔ་མ་གཉིས་ནི་ལོ150ལྷག་གི་རིང་ལ་འབྲོག་ལས་གཉེར་མྱོང་བའི་ཞིན་ཞི་ལན་གྱི་འབྲོག་པའི་ཁྱིམ་རྒྱུད་ཆེན་པོ་གཉིས་རེད། མཐའ་མ་ནི་ལོ100ལྷག་གི་རིང་ལ་ཤན་པ་བྱས་པའི་ཤན་པའི་ཁྱིམ་རྒྱུད་ཅིག་རེད་འདུག” ཅེས་བཤད་པར། བྱམས་པས“ང་ཚོ་ཡང་ཕ་མེས་ཡང་མེས་རིང་ནས་འབྲོག་པ་བྱས་པ་རེད”ཟེར་བ་དང་། ཡང“འབྲོག་པ་དང་ཤན་པ་མཉམ་འབྲེལ་བྱེད་ཐུབ་དུས་ད་ལམ་འགྲོ་རྒྱུགས་སོང་བ་མ་རེད་དམ། འོན་ཀྱང་། བོད་པ་ཚོས་རང་ཉིད་འཆི་དགོས་ན་ཡང་ཤན་པ་ཞིག་ལ་མཉམ་འབྲེལ་བྱེད་རྒྱུ་ནི་མི་སྲིད་པ་ཞིག་རེད”ཟེར།

  མི་ཉག་སྒྲོལ་མས“ཀུང་སི་འདིས་ཚོང་རྭའི་དགོས་དབང་ལྟར། ལ་ལ་འཁྱགས་སུ་བཅུག་པ་དང་ལ་ལ་ཤ་གསར་རློན་པ་སྐྱེལ་གྱིན་ཡོད་འདུག རྒྱལ་ཁབ་དྲུག་ཅུ་ལྷག་ལ་མཚོ་ཐོག་དང་གནམ་གྲུ་བརྒྱུད་ནས་ཕྱིར་གཏོང་བྱེད་ཀྱིན་འདུག་ལ། དེ་དག་ས་གནས་དེའི་ཤན་ཁང་དང་ཚོང་རྭའི་ནང་བཙོང་གིན་འདུག”ཅེས་བཤད།

  ཡང་ཁོས་ཤོག་བུ་གཞན་ཞིག་བླངས་ནས་སྟེང་ལ་ཅི་ཞིག་བྲིས་ཏེ་མོ་ལ་སྟོན་རྩིས་ཤིག་བྱས་རྗེས་ཕྱིར་མདུན་ཅོག་སྟེང་ལ་ཤོག་བུ་བཞག་ནས་ད་དུང་ཤོག་སྒམ་སྔོ་ཁྲ་སྟེང་ན་འདི་མོ་ཅན་ཞིག་ཡོད་ཟེར་ཞོར་སྟེང་དུ་མུ་མཐུད་དུ་ཡི་གེ་བྲིས། མི་ཉག་སྒྲོལ་མ་ལ་ཡ་མཚར་དང་དགོད་རྒྱུ་གཉིས་ཀ་མཉམ་དུ་སྐྱེས། མོས་འཛུམ་ཞོར་དུ་ཁོའི་བྲིས་ཚར་བར་བསྒུགས།

  ཤོག་བུའི་སྟེང་ལ U R U G U A Y ཞེས་བྲིས་ཤིང་འོག་ཏུF L E T C H E R ཞེས་བྲིས་འདུག མི་ཉག་སྒྲོལ་མས་དེ་གཉིས་ཀྱི་ཀློག་སྟངས་ལ་འདང་རྒྱག་སྐབས། ཁོས“སྔོན་མ་དེ་ཤོག་སྒམ་གྲུ་བཞི་སྟེང་ན་བེའུ་ཅན་ཞིག་ཡིན། ཕྱི་མ་དེའི་སྟེང་ན་ལ་ཧྭ་རྔ་ལེབ་འགའི་རི་མོ་ཡོད”ཟེར། མི་ཉག་སྒྲོལ་མས་དེ་གཉིས་ཀྱང་ལག་འཁྱེར་དུ་གཏགས་ནས་བཙལ།

  “ཨ་ཨ། འདི་ནི་དཔེ་མི་སྲིད་པ་ཞིག་རེད།”མི་ཉག་སྒྲོལ་མས་ལག་འཁྱེར་འཆར་ཤེལ་ངོས་སུ་ལྟ་ཞོར་ཧ་ལས་པར་གྱུར། མོས“Uruguayཟེར་བ་འདི་མེ་གླིང་ལྷོ་མའི་རྒྱལ་ཁབ་ཅིག་རེད། རྒྱ་སྐད་དུ་ཝུ་ལཱ་ཀེ་ཟེར། འདི་འུ་ཚོ་དང་ཐག་ཤིན་ཏུ་རིང་བོ་ཡོད་རེད། མ་གཞི་ཡུལ་ཕྱོགས་འདིའི་ཤ་ཡང་བོད་ཡུལ་དུ་སླེབས་འདུག ཝུ་ལ་ཀེ་རྒྱལ་ཁབ་ཀྱི་ཕྱུགས་ལས་ནི་འཛམ་གླིང་སྟེང་གི་ཆེས་དར་ཡོད་པའི་ལས་རིགས་དེ་རེད། Traceability systemབཀོལ་འདུག་པས། ཉོ་མཁན་གྱིས་རང་གིས་ཉོས་པའི་སྐམ་ཤ་དེ་ས་ཆ་གང་ནས་ཐོན་པ་དང་། སྐམ་དེ་ཇི་ལྟར་གསོས་པ་སོགས་ཤེས་ཐུབ་ཟེར་གྱིན་འདུག”ཅེས་བཤད་པར། བྱམས་པས“གནའ་ཤི་བོ། ད་དེ་ཤེས་ནས་ཅི་བྱེད་དགོས་རེད”ཟེར་བ་དང་། ཐག་ཅི་ཙམ་རིང་ངམ་ཞེས་དྲིས་པས། མི་ཉག་སྒྲོལ་མས་མེ་གླིང་ལྷོ་མར་གནམ་གྲུའི་ནང་ནས་སོང་ན་ཡང་ཧ་ལམ་ཆུ་ཚོད་སུམ་ཅུ་ཙམ་དགོས་ཟེར། ཁོས་དེ་སྐད་ཐོས་མ་ཐག ཡུན་རིང་བཙལ་བཙལ་བ་ཞིག་གསར་དུ་རྙེད་པ་ལྟར“ལྟོས་དང་། དེ་ཚོས་རུལ་འགོག་སྨན་བརྒྱབ་ཡོད་པ་ཐག་གིས་ཆོད། ཐག་དེ་འདྲ་རིང་པ་ལ”ཟེར། དེ་ལ་མི་ཉག་སྒྲོལ་མས་ཅི་ཡང་མི་སྙམ་པར“དེར་ངེས་པ་མེད། འཁྱགས་སུ་བཅུག་ནས་ཁྱེར་ཡོང་ཆོག”ཞེས་བཤད། ཁོས“རུལ་འགོག་སྨན་མེད་ན་ཡང་སྨན་གཞན་ཞིག་ཡོད་པ་ཐག་གིས་ཆོད། དེ་མང་པོ་བཟས་དུས་བལྟས་བལྟས་རིག་རིག་ལ་ལུས་པོ་རྒྱགས་པ་ཆགས་འགྲོ”ཟེར་ཞོར་སྟོད་ལྭ་ཕྱི་མ་དེའི་སྔོན་འདབས་རང་གི་ཕོ་བའི་སྟེང་ལ་འཐེན་ཙམ་བྱས།

  3

  ཁོ་གཉིས་ཀྱིས་ནུབ་ཟས་བཟས་རྗེས། མོས་ཁོ་རང་དེ་སྔ་འདུག་མྱོང་ཟེར་བའི་མགྲོན་ཁང་དེར་སྐྱེལ་རྒྱུ་བྱས། མགྲོན་ཁང་དེ་ནི་ཟི་ལིང་གི་མེ་འཁོར་འབབ་ཚུགས་ཀྱི་གཡས་འགྲམ་ཞིག་རེད་ལ། གསལ་བོར་མ་བལྟས་ཚེ་མགྲོན་ཁང་ཞིག་དེར་ཡོད་པའང་མི་ཤེས། ཁོས་དེ་རིང་ངོ་མ་བཀའ་དྲིན་ཆེ། ད་བདེ་མོ་ཟེར་ཞོར་རླངས་འཁོར་སྒོ་བརྒྱབ་ནས་མགྲོན་ཁང་ཡོད་སའི་ལམ་འགྲམ་ལ་བུད་དེ་མོ་ལ་མིག་སྐྱེལ་བྱེད་བསམ། མོས“སྐྱོན་མེད་སྐྱོན་མེད། བདེ་མོ་བྱོས”ཞེས་བཤད་པ་དང། རླངས་འཁོར་སྔོན་ལ་སྣུར་འདོད་སྐབས། སྔོན་ནས་མི་འགའ་འགྲོ་བཞིན་པས། མོས“ད་ཁྱོད་སོང་། ང་དལ་མོར་བུད་འགྲོ”ཞེས་བཤད། ཁོས་ཡ་ཡ་ཟེར་ཞོར་མགྲོན་ཁང་གི་ཕྱོགས་སུ་ཆས། ཁོའི་རྒྱབ་གཟུགས་མོ་དང་ཡུན་གྱིས་རིང་དུ་གྱེས། སྐབས་དེར་གློ་བུར་དུ་མོས་ད་དུང་ཅུང་ཙམ་ལ་ཁོ་དང་ལྷན་དུ་སྡོད་ཐུབ་ན་སྙམ་པའི་སྣང་བ་ཡད་ཡུད་ཅིག་སྐྱེས་ཤིང་། མགྲོན་ཁང་གི་ཕྱོགས་སུ་བལྟས་པར། དེའི་གཡས་གཡོན་དུ་མི་རེ་འགའ་ཡན་ནས་སྡོད་ཅིང་། མགྲོན་ཁང་སྒོར་ཡོད་པའི་རྒྱ་མོ་གཅིག་གཉིས་རེས་ཡར་མར་ལ་འགྲོ་བཞིན་པའི་སྐྱེས་པ་འགོག་གིན་འདུག མོས་ཅུང་ཟད་བལྟས་བསྡད་རྗེས་གློ་བུར་དུ་རྒྱང་མི་མཐོང་བའི་མིས་མིག་ཤེལ་གྱོན་པ་ལྟར་དེ་ཚོ་ཅི་ཡིན་པ་ཤེས། མོ་རླངས་འཁོར་ལས་ཕྱིར་བུད་དེ“ཇོ་བྱམས་པ། ཇོ་བྱམས་པ”ཞེས་བོས། འབོད་ཐེངས་གཉིས་པ་དེས་ཁོ་ལ་ཕྱིར་ལྟ་བྱེད་དུ་བཅུག མོས་ཁོའི་ཕྱོགས་སུ་ལག་གཡུག་བྱས་ནས་ཕྱིར་ཡོང་དུ་བཅུག

  མོས་མོ་འདུག་སའི་མགྲོན་ཁང་དུ་ཉལ་ཁྲི་ལྷག་མ་གཅིག་ཡོད། འདིར་འདུག་པ་ལས་ངའི་སར་འགྲོ་ཞེས་ཨུ་ཚུགས་བྱས་ནས་ཁོ་ཁྲིད།

  “ཨ་ཨ། ཇི་འདྲའི་སྐྱིད་པོ། ནང་དྲོན་པོ་འདུག”ཁོ་གཉིས་མི་ཉག་སྒྲོལ་མའི་ཁང་བར་འཛུལ་མ་ཐག བྱམས་པས་དགའ་དྲགས་པ་ལྟར་དེ་སྐད་ཟེར་བ་དང་ཅུང་ཙམ་ནས་འདི་ལ་གོང་ག་ཚོད་ཡིན་ནམ་ཞེས་དྲིས། མོས་འདི་ལས་ཁུངས་ཀྱིས་ཉོས་པ་རེད། ཧ་ལམ་སུམ་བརྒྱ་བཞི་བརྒྱ་ཞིག་ཡིན་རྒྱུ་རེད་ཅེས་བཤད། ཁོས་ཅི་ཞིག་བཤད་རྩིས་བྱས་རྗེས་ཉལ་ཁྲི་གཡས་པ་དེའི་སྟེང་ལ་ཙོག་ཅིང་། ཐང་གི་ས་གདན་ལ་གཡས་ལྟ་གཡོན་ལྟ་བྱས།

  མི་ཉག་སྒྲོལ་མས་ཆུ་ཁོལ་ཅིག་བསྐོལ་རྗེས་གློག་ཀླད་ཀྱི་ཁ་ཕྱེས་ནས་འཆར་ཤེལ་ངོས་སུ་ལྟ་བཞིན་འདུག་ཅིང་། ཅུང་ཙམ་ནས“དེ་སྔོན་གྱི་ཁྱིམ་རྒྱུད་དེ་གསུམ་ནི་ཞིན་ཞི་ལན་གྱི་ས་ཆ་ཝེལ་ལིང་ཐོན(Wellington)ཟེར་བ་ནས་རེད། ཨོ་ཏ་ལི་ཡཱ་དང་ཞིན་ཞི་ལན་གཉིས་ཐག་ཉེ་བོ་ཡོད་པས། ཁྱོད་ཚོས་དེ་གཉིས་ནོར་བ་ཡིན་སྲིད། མ་འོངས་པར་ཞིན་ཞི་ལན་ལ་འགྲོ་ཐུབ་ན་ས་ཆ་འདིར་ངེས་པར་དུ་འགྲོ་དགོས་འདུག”ཞེས་བཤད།

  བྱམས་པས“མིན་མིན། ངས་གཞན་དག་ཡིད་ལ་ཡོང་གི་མི་འདུག ཨོ་ཏ་ལི་ཡཱིའི་ཤ་ཡོད་པ་ཁོ་ཐག་ཡིན”ཟེར་ཞོར་དུ་བ་ཞིག་ལ་མེ་བསྒོས་པ་དང་ཉལ་ཁྲིའི་ཁ་གཏད་ཀྱི་རྐུབ་སྟེགས་སྟེང་དུ་ཙོག་སྟེ། ཁང་བའི་ནང་གི་བརྙན་འཕྲིན་དང་མདུན་ཅོག ཉལ་ཁྲི། གནམ་ཡོལ་དུ་བཏགས་ཡོད་པའི་གློག་སོགས་ལ་ཉེས་དོན་ཞིབ་དཔྱད་པ་ཞིག་གིས་ཉེས་ཡུལ་ལ་ཞིབ་ལྟ་བྱེད་པ་དང་འདྲ་བར་བལྟས།

  མི་ཉག་སྒྲོལ་མས་ཁྱོད་མ་འོངས་པར་ཕྱི་རྒྱལ་ལ་འགྲོ་ཐུབ་ན་གང་ལ་འགྲོ་ཞེས་དྲིས། ཁོས“ཧ་ཧ། ང་ནི་ཅང་ལའང་མི་འགྲོ ཕ་ཡུལ་ནས་ལུག་འཚོས་ནས་བསྡད་ན་སྐྱིད་པོ་བདེ་མོ་བོ་དེ་རེད”ཟེར། མོས“ངས་གལ་ཏེ་ཞེས་ཆ་འཇོག་གིན་ཡོད། དངོས་གནས་འགྲོ་དགོས་མ་རེད་དཱ”ཞེས་བཤད་པར། ཁོས“རེད་རེད”ཅེས་ཅུང་ཟད་འདང་བརྒྱབ། “ཁྱོད་ད་ཧ་ལམ་ཨོ་ཏ་ལི་ཡཱ་ལ་འགྲོ་འདོད་ཡོད་རྒྱུ་རེད”མོའི་ཀུ་རེ་དང་བཅས་དེ་ལྟར་སྨྲས་པར། ཁོས“ཧ་ཧ་ཧ། མེད་མེད། ང་རྒྱ་གར་ལ་འགྲོ་འདོད་འདུག”ཟེར།

  མོས་ཀུ་རེའི་དྲི་བ་དེ་ལ་ཁོས་གཟབ་ནན་གྱིས་ལན་དེ་འདྲ་ཞིག་བཏབ་པས། མོས་སུན་སྣང་དང་བཅས་ཀུ་རེ་རྩེ་མཚམས་བཞག་ཏེ་མུ་མཐུད་གློག་ཀླད་འཆར་ཤེལ་ངོས་སུ་བལྟས།

  “ཨ་ཨ། འདི་ཚང་གི་ཤ་ལའང་རིགས་མང་པོ་འདུག ལུག་ཆེན་པོའི་ཤ་དང་ལུ་གུའི་ཤ། ར་ཤ། སྐམ་ཤ། བེའུ་ཤ་རིགས་ཚང་མ་འདུག འདི་ཚང་ལ་ཡོ་རོབ་དང་ཨ་རི་གཉིས་ཀའི་ཞིང་ལས་སྡེ་ཁག་གི་ཕྱིར་གཏོང་ཆོག་མཆན་ཐོབ་འདུག ལས་ཀ་བ850ཙམ་འདུག་ལ། ལོ་རེ་རེར་ནོར་ལུག་ཁྲི150བཤས་རྭར་འདེད་ཀྱིན་འདུག” ཅེས་བཤད། ཁོས་ཁོག་སྟོད་རྐུབ་སྟེགས་ལས་སྔོན་ལ་ཕྱོགས་པ་དང་མིག་གཉིས་ཆེར་ཕྱེས་ཏེ“ས་ཡ་གཅིག་དང་འབུམ་ལྔ?!ཨེ་བདེན་ནམ”ཟེར། མོས“ས་ཡ་མ་ཡ་མ་ཤེས་མོད། ཁྲི་བརྒྱ་དང་ལྔ་བཅུ་ཞེས་བྲིས་འདུག”ཅེས་བཤད་པར། ཁོས“ཨ་ཨ་ཨ། སྡིག་རྒན་རེད་ཡ། ད་ཡིན་རྒྱུ་རེད། ཡིན་རྒྱུ་རེད”ཟེར་ཞོར་སླར་ཡང་རྒྱབ་རྐུབ་སྟེགས་ལ་བསྙེས་པ་དང“དེ་དག་ཚང་མ་དེར་བྲིས་འདུག་གམ”ཁོས་ཅུང་ཐེ་ཚོམ་པའི་ངང་དེ་ལྟར་དྲིས། “དྲ་རྒྱའི་སྟེང་ན་མེད་པ་ཞིག་ཧ་ལམ་ཡོད་རྒྱུ་མ་རེད”མོས་དེ་ལྟ་བུའི་ཅི་ཡང་ཡོད་པ་ཞིག་བཀོལ་ཤེས་པར་གློ་བུར་བའི་ང་རྒྱལ་ལྟ་བུ་ཞིག་སྐྱེས།

  མཚན་མོའི་ཆུ་ཚོད་བཅུ་གཅིག་ལ་སླེབས། མི་ཉག་སྒྲོལ་མས་ཡང་ཡང་ཨུ་ཚུགས་བྱས་རྗེས་ཁོ་ད་གཟོད་ཁྲུས་ཁང་དུ་སོང་ནས་ཁྲུས་བྱས།

  མོས་ཐེབས་རྩ་ཚོགས་པའི་ཚོགས་འདུའི་སྟེང་ནམ་རྒྱུན་ལྟར་བརྟག་དཔྱད་ཅི་ཡང་མེད་པའི་སློབ་གསོའི་སྐོར་གྱི་བསམ་ཚུལ་དེ་དག་བཤད་པ་དོར་ནས། ད་རེས་འབྲོག་པའི་ལུག་ཤ་འཚོང་ཐུབ་ཀྱིན་མེད་པ་དང་། ཨོ་སི་ཁྲུ་ལི་ཡ་དང་ཞིན་ཞི་ལན་གྱི་ཤས་བོད་ཀྱི་འབྲོག་པའི་ཡོང་སྒོ་ལ་ཤུགས་རྐྱེན་ཅི་ཙམ་ཐེབས་པ་དང་། འབྲོག་པ་ཚོ་ལ་ཕྱུགས་གཉེར་དང་ཚོང་རྭའི་གནས་སྟངས། ཚོང་བྱེད་ཕྱོགས་ཐད་ཀྱི་ཟབ་སྦྱོང་སྤྲོད་དགོས་རབས་སྐོར་ནས་གྲ་སྒྲིག་བྱས།

  བྱམས་པ་ཁྲུས་ཁང་ལས་སྒོར་བུད་དེ་སྐྲ་འབྱིད་ཞོར་སླར་ཡང་རྐུབ་སྟེགས་སྟེང་ཙོག ཁོས“ཨ་ཨ། ཇེ་ཡང་ལ་སོང་བའི་སྣང་བ་ཞིག་སྐྱེ”ཟེར་ནས་ལག་པ་དང་ལུས་པོ་སྤྲུག་སྤྲུག་བྱས། མི་ཉག་སྒྲོལ་མས་དེ་མཐོང་ནས་ཧབ་ཆ་ཤོར། མོས་ཁྱོད་ཀྱིས་ཉིན་དུ་ལ་ཁྲུས་མ་བྱས་ཞེས་འདྲི་སྙམ་མུར། དེ་ལྟར་དྲིས་ན་ཡག་པོ་མི་འདུག་སྙམ་ནས་མུ་མཐུད་ཧབ་ཆ་ཙམ་བྱས།

  4

  མོས་ལས་ཀ་ཆ་ཚང་གྲུབ་ཏེ་གཟུགས་པོ་ཞིག་བཀྲུས་ནས་ཉལ་ཁྲིའི་འགྲམ་དུ་སླེབས་དུས། བྱམས་པ་གཡས་ཀྱི་ཉལ་ཁྲིའི་སྟེང་ཁ་སྦུབས་སུ་ཉལ་ནས་གཉིད་ཟིན་འདུག ཁོས་སྔུར་བ་ཕྲ་མོ་ཞིག་འཐེན་ཀྱིན་འདུག ཕོ་རྐྱང་མོ་རྐྱང་ཞིག་འདི་ལྟར་བསྡད་དུས་ཁོ་འདི་ལྟར་ཨ་མའི་གམ་དུ་ཉལ་བ་ལྟར་བག་ཕེབས་པར་འདུག་ཐུབ་པར་ཁོ་མོ་ཅུང་ཟད་ངོ་མཚར་བར་གྱུར། མོས་དེ་ལྟར་བསམ་པའི་མོད་ལ། ས་འབུ་ནག་རིང་གི་ལུས་ལ་རྩྭ་རྩེས་རེག་པ་ལྟར། མོའི་དང་ཁོང་གི་གཏིང་ནས་ཅི་ཞིག་གཡོས་ཤིང་འདར་ཤ་ཕྲུ་ལི་ལི་བྱས། མོ་རང་གཡོན་གྱི་ཉལ་ཁྲིའི་སྟེང་ཉལ། འོན་ཀྱང་། སྔར་བཞིན་ཤ་གསེང་དུ་ཅི་ཞིག་གཡོས་ཤིང་འཕྱོ་བར་བྱས་ཏེ་ལུས་པོ་ཉལ་ཟིན་ཡང་ཤེས་པ་གཉིད་མ་ཐུབ།

  བྱམས་པའི་སྔུར་བ་ཕྲ་མོ་དེས་ནམ་གུང་གི་ཁང་མིག་དེ་སྔར་བས་ལྷིང་ཞིང་འཇགས་པར་བྱས། མོས་རང་གི་སྙིང་ལྡིང་བའི་སྒྲ་ཡང་ཚོར། ཡུན་གྱིས་མོའི་སྙིང་གི་ལྡིང་ཚད་དང་དབུགས་ལེན་ཚད་གཉིས་ཇེ་མགྱོགས་སུ་སོང་།

  མཚམས་ཤིག་ལ་གར་ཡོང་མ་ཤེས་པའི་ཤུགས་ཤིག་གིས་དེད་ནས་མོ་རང་ཡར་ལངས་ཤིང་སྟབས་སྟབས་པོར་བྱམས་པའི་རུམ་དུ་འཛུལ།

  བྱམས་པ་གཉིད་ལས་ཧར་གྱིས་སད་དེ། ཅི་རེད། ཅི་བྱུང་སོང་། ཞེས་མགོ་ཡར་ལ་བཀྱགས། མི་ཉག་སྒྲོལ་མས་རང་གི་ཧོལ་རྒྱུགས་དེས་ངོ་གདོང་དང་ལུས་པོ་ཚ་ལམ་ལམ་བྱས་ཏེ་ཁ་རོག་གེར་ལུས་པོ་བསྐུམ་ནས་བསྡད། བྱམས་པས་མི་ཉག་སྒྲོལ་མ་རང་གི་རུམ་ལ་འཛུལ་འདུག་པ་ཤེས་རྗེས་ཧ་ལས་པ་ལྟ་བུར་གྱུར་མོད། དེ་མ་ཐག་མོ་རང་གཅིག་པུར་ཉལ་བར་སྐྲག་པ་ཡིན་ཤས་ཆེ་སྙམ་པ་ཞིག་དྲན་པར་ཤར་ནས་ཡ་མ་བྱས་པར་མ་མཐུད་དུ་ཕྱིར་གཉིད་རྩིས་བྱས།

  མིའི་ཤེས་པའི་ནང་ལ་མངོན་པར་འདུ་མི་བྱེད་པའི་སེམས་ཤིག་ཡོད་དེ། དེ་ལ་རིགས་རྟོགས་ཀྱིས་གང་མཚམས་ཤིག་མ་གཏོགས་ཚོད་འཛིན་བྱེད་མི་ཐུབ། ཏག་ཏག་བག་ལ་ཉལ་བའི་སེམས་བྱུང་དེས་བྱམས་པ་ཕྱིར་གཉིད་བསམ་ནས་མིག་བཙུམ་ཡང་ལུས་ཀྱི་ཆ་ཤས་གཞན་དག་སད་དུ་བཅུག་པ་མ་ཟད་ལྷོག་ལྷོག་འགུལ་བར་བྱས། དེ་སྔོན་མི་ཉག་སྒྲོལ་མ་བྱམས་པའི་རུམ་ལ་འཛུལ་དུ་འཇུག་མཁན་གཙོ་བོ་ཡང་དོན་དམ་པར་བག་ལ་ཉལ་བའི་ཤེས་པ་དབྱར་གྱི་ན་རྩྭའི་གསེང་གི་སྦྲུལ་ཁྲ་ལྟ་བུ་དེ་རེད།

  ཅུང་ཙམ་ནས། ངོ་ཤེས་ནས་ཉིན་ཕྱེད་ལས་མ་འགོར་བའི་ཕོ་གཞོན་མོ་གཞོན་དེ་གཉིས་ཕན་ཚུན་ལ་འཁྱུད་མགོ་བརྩམས། མོའི་རྟོག་བཟོ་བྱས་པ་ནང་བཞིན་བྱམས་པའི་ལག་པ་ཆེན་པོ་དེས་མོའི་ལུས་ཀྱི་སྟོད་སྨད་གཉིས་ཀ་ཡོངས་སུ་དབང་དུ་བསྡུས།

  ནུབ་མོ་དེར་མི་ཉག་སྒྲོལ་མའི་ཚོར་བ་ཞིག་ལ་རང་གི་ཁོག་སྨད་ཀྱི་གཟུགས་པོའི་ཆ་ཤས་དེ་ཐོག་དང་པོར་ལུས་ཀྱི་དཀྱིལ་དང་། དབུས་དང་། གཙོ་བོར་གྱུར་ཅིང་། སྙིང་དང་མགོ་ནི་ལུས་ཀྱི་མཐའ་དང་ཡན་ལག་ཏུ་གྱུར། མོས་ཐོག་དང་པོར་ལུས་ཡོངས་ཀྱི་བ་སྤུ་རེ་རེ་གཡོ་བ་ཚོར། མོས་དེ་སྔོན་མོ་དང་ལུས་འབྲེལ་བྱུང་མྱོང་བའི་ཧྥ་རན་སིའི་དགའ་རོགས་དེ་ལ་ལེ་བདའི་མཆིལ་ཞགས་འཕངས། སྐད་ཅིག་མ་དེར་མོས་ད་གཟོད་ཧྥ་རན་སིའི་དགའ་རོགས་དེ་དང་རོགས་འཐོར་བྱས་པའི་རྒྱུ་རྐྱེན་རྣལ་མ་དེ་སེམས་ཀྱི་ཟབ་ས་དེ་ནས་རྙེད།

  ཕྱི་ཉིན་ཞོགས་པར་མོ་རང་ཚོགས་འདུ་ལ་འགྲོ་ཁར། བྱམས་པ་ད་དུང་གཉིད་འདུག མོས་ཤོག་བུ་ཞིག་གི་སྟེང་ལ“ནངས་ཇ་འཐུང་ས་བཞི་ཐོག་རེད། དེར་རིན་སྟེར་མི་དགོས”ཞེས་བྲིས་རྗེས་སྔས་འགྲམ་གྱི་ཅོག་ཙེའི་སྟེང་ལ་བཞག་པ་དང་། སླར་ཡང་ཅི་ཞིག་དྲན་པ་ལྟར་ཤོག་བུའི་གཤམ་འོག་ཏུ་རི་མོ་ཞིག་བྲིས། དེ་ནི་སེམས་ཀྱི་དབྱིབས་ཤིག་རེད་འདུག

  འདི་ནི་སྟེས་དབང་གི་ཐུག་འཕྲད་ཅིག་ཡིན་ནམ་ལས་དབང་གི་བཀོག་སྒྲིག་ཅིག་ཡིན། མོས་གཉིད་འདུག་པའི་བྱམས་པའི་གདོང་ལ་ལྟ་ཞོར་དེ་ལྟར་བསམ་པ་དང་སྒོར་བུད།

  མོ་ཕྱིར་མགྲོན་ཁང་ལ་སླེབས་དུས། བྱམས་པ་ཕྱིན་སོང་འདུག ཉལ་ཁྲི་གཉིས་ཀའི་སྟེང་གི་ཉལ་ཐུལ་ཤིན་ཏུ་གྲལ་དག་མོས་བལྟབས་འདུག་ལ། མོའི་ཉལ་ཐུལ་སྒང་གི་སྔས་སྟེང་དུ་ཁོའི་ཙན་དན་གསེར་མིག་མའི་ཕྲེང་བ་དེ་སུམ་སྐོར་བྱས་ནས་བཞག་འདུག

  5

  “ངས་བསམ་ན་ཁྱོད་ནོར་གྱིན་འདུག ཨོ་སྀ་ཁྲི་ཡཱ(Austria)མ་རེད་དཱ། ཨོ་སྀ་ཁྲ་ལི་ཡཱ(Australia)རེད། དེ་གཉིས་ནོར་སླ་པོ་ཡོད་རེད”Jassརོལ་དབྱངས་ལྷོད་པོ་ཞིག་གིས་ཇ་ཕོར་དང་ཆང་ཕོར། ཐ་ན་འཐག་བཞིན་པའི་ཁོ་ཧྥེའི་སྲན་མ་རེ་རེ་ལའང་འཐིམས་ཡོད་པའི་པེ་ཅིང་གི་ཆང་ཁང་འདིའི་ནང་མི་ཉག་སྒྲོལ་མ་ནམ་རྒྱུན་ལྟར་སྐྱོ་བསང་ལ་ཡོང་བ་ཡིན་མོད། རྩིས་གཉེར་མདུན་ཅོག(bar counter)གི་གྲུ་སྣེ་ན་ཡོད་པའི་ཕྱི་གླིང་བ་དེས་ངོ་ཤེས་ཤིག་སྒྲིག་ཟེར་ནས་རང་ཉིད་ངོ་སྤྲོད་བྱས་པ་དེས་མི་ཉག་སྒྲོལ་མའི་སྐྱོ་བ་བསང་བ་ཕར་ཞོག་སྐྱོ་བའི་རྒྱུ་རྣལ་མ་དེ་མགོ་ནས་མཇུག་བར་ཐེངས་གཅིག་དྲན་དུ་བཅུག

  མོས་མིག་མདུན་གྱི་ལུས་ཡོངས་ལ་སྤོས་ཆུDiorརྟགས་ཅན་བསྐུས་ཤིང་ནུབ་ལྭ་སྔོན་པོའི་འོག་ལ་རྔུལ་ལེན་དཀར་པོ་གྱོན་ཅིང་། སྐྲ་སེར་པོ་འཇིལ་ལིར་ཆགས་པ། མིག་སྔོན་པོ་ཆུ་ཤེལ་ལྟར་ཡོད་པའི་ཨོ་སྀ་ཁྲ་ལི་ཡཱའི་མི་དར་མ་དེར་བལྟས་ནས“དགོངས་དག ངས་མི་ཞིག་ལ་བསྒུག་བསྡད་ཡོད”ཅེས་དགའ་བསུ་མེད་པའི་རྣམ་འགྱུར་བསྟན། མི་ཞིག་ལ་བསྒུག་ཡོད་ཅེས་པའི་སྐད་ཆ་འདིར་མི་སུ་ཞིག་རློམ་མི་སྲིད་དམ། ལོ་སུམ་ཅུ་སོ་གཅིག་ལ་བུད་པའི་མི་ཉག་སྒྲོལ་མ་ནི་ནམ་རྒྱུན་རང་གི་གྲིབ་གཟུགས་ལ་འགྲོགས་ནས་འོངས་ཤིང་། སླར་ཡང་རང་གི་གྲིབ་གཟུགས་ལ་འགྲོགས་ནས་ཕྱིར་མགྲོན་ཁང་དུ་འགྲོ་དགོས་པ་གྲོང་ཁྱེར་འདིར་མི་སུ་གཅིག་གིས་ཀྱང་མི་ཤེས།

  མོས་ལག་གཡོན་པས་སྐེར་གོན་ཡོད་པའི་ཙན་དན་གྱི་ཕྲེང་བ་དེ་ལ་རེག་ཙམ་བྱས་ཤིང་མིག་གིས་མདུན་གྱི་ཅོག་ཙེའི་སྒང་ལ་བཞག་འདུག་པའི་ཝེ་སི་ཀི་དམར་སེར་དེ་ལ་ལྟ་ཞོར་སེམས་སུ“བྱམས་པ། ཁྱོད་གང་དུ་ཡོད་དམ”དྲན།