ལོ་གསར་སྐབསས་སུ་འཛེམ་བྱ་མང་།

  འཛེམ་བྱ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཚོན་ཚུལ་ཞིག་ཡིན་པ་དང་དམངས་སྲོལ་རིག་གནས་ཤིག་ཀྱང་ཡིན་པ་དེས་སྤྱི་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཕྱོགས་གང་ས་ཅི་ཐད་ལ་ཤུགས་རྐྱེན་ཆེན་པོ་ཐེབས་དང་ཐེབས་བཞིན་ཡོད། ལྷག་དོན་དུ་འཛེམ་བྱའི་སྣང་ཚུལ་གྱི་འབྱུང་ཁུངས་གང་འདྲ་ཞིག་ཡིན་རུང་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་གོམས་གཤིས་དང་དོས་མཁོ་ངེས་ཅན་དང་བསྟུན་ནས་དར་ཁྱབ་བྱུང་བ་ཞིག་ཡིན་མོད། དེར་བརྟེན་འཛམ་བུ་གླིང་གི་མི་རིགས་ཚང་མའི་ཁྲོད་འཛམ་བྱའི་སྣང་ཚུལ་སྣ་ཚོགས་གནས་ཡོས་པ་ནི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་སྤྱིའི་ཁྱད་ཆོས་ཤིག་ཡིན།

  བོད་མི་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་ལ་སྲོལ་རྒྱུན་རིག་གནས་ཕུན་སུམ་ཚོགས་པོ་ཡོད་སྟབས་འཛེམ་བྱའི་གནད་དོན་ཡང་མི་ཉུང་བ་ཞིག་ཡོད་པ་དང་དཔེར་ན། དགའ་སྟོན་རྟེན་འབྲེལ་དང་།ལས་འགོ་འཛུགས་སྐབས།བག་མ་གཏོང་ལེན་བྱེད་སྐབས།  ལོ་གཅིག་གི་སོ་ནམ་ཞིང་ལས་འགོ་འཛུགས་སྐབས། ཁྱིམ་གསར་སྤོ་སྐབས་དང་ཐ་ན་ཕྱུགས་རིགས་ཐོག་མར་ལས་ལ་འཇུག་སྐབས་དང་ལྟོ་སྣོད་གསར་པ་བདེ་སྤྱོད་གཏོང་སྐབས་ཚུན་ལ་རྟེན་འབྲེལ་གྱི་ཆོ་ག་དང་འཛེམ་བྱ་བྱ་ཡུལ་སྣ་ཚོགས་ཡོད་པ་རེད།  དེ་དག་གི་ཡོང་ཁུངས་གཙོ་བོ་ནི་རྟེན་འབྲེལ་གྱི་དཔྱད་ཀ་དང་། ཡ་རབས་ཀྱི་སྤྱོད་ཚུལ།སྨོན་འདུན་བཟང་པོའི་མཚོན་ཚུལ་སོགས་འདུས་ཡོད། འོན་ཀྱང་ད་ཆའི་མི་ཚོས་ཡོངས་ནས་བཤད་ན་ཕལ་ཆེ་བ་ནི་ཡ་རབས་བཟང་པོའི་མཚོན་ཚུལ་དང་ཤེས་རིག་དཔལ་ཡོན་དར་བའི་མཚོན་ཚུལ་ཞིག་ཡིན། དཔེར་ན་རང་ལས་རྒན་པ་དག་གྲལ་འགོར་འཇོག་པ་དང་། ཟས་སྔོན་ལ་དྲངས་པ།ཕོར་པ་ལག་གཉིས་ཀྱིས་འདེགས་པ་སོགས་ཡིན་པ་དང་དེ་ལས་ལྡོག་པ་ནི་འཛེམ་བྱའི་གནས་ཡིན། ཡང་ལྟོ་ཆས་ཟ་སྐབས་སྐད་ཆེན་པོ་མི་རྒྱག་པ་དང་། ཁམ་གང་འགྲམ་ཕུག་གཡས་གཡོན་བརྗེས་ནས་མི་ཟ་བ།དུད་འགྲོ་ལྟར་ལྟོ་ལ་ཁམ་མི་གཅོད་པ་དང་ལྟོ་ཆས་ཁའི་འཁྲིས་སུ་མ་སླེབས་གོང་ཁ་མི་དགངས་བ། ལྟོ་ཆས་ཟ་བཞིན་དུ་སྐད་ཆ་མང་པོ་མི་ཤོད་པ་དང་ཁ་གཡེང་མི་བྱེད་པ་སོགས་ཡིན། དེ་ལྟར་བོད་མི་རིགས་ནི་རྟེན་འབྲེལ་དང་སྨོན་ལམ་ལ་དབང་བ་ཞིག་ཡིན་པ་དང་འཛེམས་བྱ་ཡང་ཧ་ཅང་མང་ལ་དེ་དག་ལ་འགྲེལ་པ་རྒྱུ་མཚན་རེ་ཡོད་པ་ཤ་སྟག་ཡིན།

  ད་ཆའི་སྐབས་སུ་བབས་པའི་ལོ་གསར་གྱི་འཛེམས་བྱ་ཁག་ཀྱང་ལོ་གསར་རིག་གནས་ཀྱི་ཁྱབ་ཁོངས་ཤིག་ཡིན། དེ་ཡང་དཔེ་མཚོན་ཙམ་ཞིག་དྲངས་ན། ལོ་གསར་གྱི་དགུ་ཐུག་འཐུང་སྐབས་ཀྱང་དུད་འགྲོ་ལྟར་ལམ་སེང་ལྟོ་ཆས་ལ་ཁ་མི་རྒྱག་པར་སྨོམ་ལམ་འདེབས་དགོས་པ་དང་དྲི་གླུད་ཐོད་པར་སྦྱོར་རྒྱུ་འཛེམས་དགོས་པ། རང་གཟུགས་ཀྱི་སྟོད་ནས་སྨད་ལ་འདྲིལ་བའི་གོ་རིམ་བརྒྱུད་དགོས་པ་དང་། དྲི་གླུད་དབྱུགས་པར་སྐྱོད་སྐབས་ཕར་འགྲོ་ཚུར་འགྲོ་གཉིས་ཀར་ཕྱིར་སློག་བྱེད་མི་རུང་བ་དང་གླུད་རྫས་སྒོ་སོགས་ལ་ཐོགས་རྒྱུར་འཛེམས་བྱ་བྱེད་པ་སོགས་རེད། ལོ་གསར་གྱི་ཚེས་གཅིག་ཉིན་འཛེམས་བྱ་དེ་བས་མང་དུ་སོང་ནས་དང་ཐོག་རྟེན་འབྲེལ་གྱི་རྣམ་གྲངས་ཚང་མར་རྒན་གཞོན་གྱི་གོ་རིམ་མ་ལོག་པ་བྱེད་པ་དང་། གད་ཕྱིས་མི་རྒྱག་པ། ལྷག་དོན་དུ་ལུས་གུས་ཚུལ་དང་ལྡན་པ་དང་། ངག་ནས་མི་སྙན་མི་ཤིས་པ་མི་འདོན་པ། ཡིད་དགའ་བདེས་ཁྱབ་པ་སོགས་དགོས་པ་དང་ལྷག་དོན་གཞན་གྱི་ནང་ལ་འགྲོ་མི་ཉན་པ་དང་། ཤོ་མི་རྒྱག་པ།མོག་མོག་མི་ཟ་བ་སོགས་བྱེད་ཀྱི་ཡོད། དེ་ནི་རང་ཁྱིམ་ནས་མི་བྲལ་བའི་རྟེན་འབྲེལ་གྱི་དོན་དང་། ཤོ་རྒྱག་པ་ལྟར་ཁ་མི་བུབ་པ།མོག་མོག་ལྟར་ཁོག་གཏོང་མི་ཆགས་བྱ་རྒྱུར་འཛེམས་པ་ཞིག་ཡིན། གཞན་ཡང་ད་དུང་ལོ་གསར་གྱི་བསང་གསོལ་དར་ལྕོག་འཛུགས་སྟངས་ཚུན་ལ་ཧ་ལམ་རྟེན་འབྲེལ་དང་འཛེམས་བྱ་གཉིས་གལ་ཏེ་མགོ་སྦྲེལ་ལྟ་བུ་ཞིག་ཡིན་པ་དེ་དག་ནི་ཕུན་སུམ་ཚོགས་པའི་ལོ་གསར་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་ནོ།