བོད་ཀྱི་ལོ་སར་གླེང་བ།

  བོད་གངས་ཅན་གྱི་ཡུལ་དུ་ལོ་རེར་བོད་ཀྱི་ལོ་གསར་དང་། ཆོ་འཕྲུལ་སྨོན་ལམ། ཞོ་སྟོན་དུས་ཆེན། དྲུག་པའི་ཀླུ་རོལ་སོགས་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་དུས་ཆེན་གང་མང་མང་ཞིག་རོལ་སྲོལ་ཡོད་པར་མ་ཟད། ས་ཁུལ་དང་ལུང་བ་མི་གཅིག་པའི་ནང་ནའང་རྟ་རྒྱུགས་མདའ་འཕེན་དང་། གླུ་ལེན་གར་རྩེད་བྱེད་པའི་དམངས་སྲོལ་དུས་ཆེན་གང་མང་དར་ཡོད། ཡིན་ནའང་། བོད་གངས་ཅན་གྱི་ཡུལ་ཁམས་རྒྱ་ཆེ་ཞིང་། སྡོད་གནས་ཐར་འཐོར་ཡིན་པ། འགྲིམ་འགྲུལ་སྟབས་མི་བདེ་ལ་ཆ་འཕྲིན་གོ་དཀའ་བ་སོགས་ཕྱིའི་བཀག་རྒྱ་ཡུན་རིང་དུ་ཐེབས་པ་དང་། ལྷག་པར་དུ་ཤར་ཕྱོགས་བོད་པ་ཚོས་མི་རིགས་གཞན་པར་འབྲེལ་འདྲིས་བྱེད་ཡུན་རིང་བའི་ཤུགས་རྐྱེན་ལ་བརྟེན་ནས། རང་གི་ཡབ་མེས་གོང་མ་ནས་དར་འོངས་པའི་ལུགས་སྲོལ་དང་དུས་ཆེན་ཁག་ཅིག་བར་སྐབས་ཤིག་ནས་ཉམས་མགོ་ཚུགས་པའམ་ཡང་ན་མིང་ཙམ་དུ་ལུས་པའི་གནས་སུ་གྱར། དཔེར་ན་བོད་ཀྱི་ལོ་གསར་ནི་གནའ་སྔ་མོར་བོད་ཁམས་ཡོངས་ཀྱིས་གཅིག་མཐུན་དུ་རོལ་བའི་དུས་ཆེན་ཞིག་ཡིན་སྲིད་ཀྱང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་གང་རུང་ཞིག་གི་དབང་གིས་མདོ་ཁམས་ཕྱོགས་ཀྱི་ཡུལ་གྲུ་འགའ་རེ་ནས་ཕལ་ཆེར་ལུགས་རྙིང་གི་ལོ་གསར་རོལ་བ་ལས། ཐ་ན་བོད་མི་རིགས་རང་ལ་ལོགས་སུ་ལོ་གསར་དུས་ཆེན་ཞིག་ཡོད་པ་ཤེས་ཀྱིན་མེད་པའི་ཚོད་དུ་སླེབས་འདུག བཅོས་སྒྱུར་སྒོ་འབྱེད་ཀྱི་དཔྱིད་རླུང་ཀྲུང་ཧྭའི་ནོར་འཛིན་ཁྱོན་ལ་ལྡང་བ་དང་འགྲོགས་ནས། ཏང་གི་མི་རིགས་སྲིད་ཇུས་ཀྱི་མེ་ཏོག་སྣ་ཚོགས་ཀྱང་སྐྱེ་རྒུའི་མིག་གི་དཔལ་དུ་བཞད་མགོ་ཚུགས་ཤིང་། མི་རིགས་ཁག་གི་རིག་གནས་ཉམས་པ་སོར་ཆུད་དང་། མ་ཉམས་གོང་སྤེལ་གཏོང་བའི་བསྐལ་བ་བཟང་པོ་ཤར། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པ་ནས་བཟུང་། བོད་ཀྱི་ལོ་གསར་དེ་ཡང་རིམ་བཞིན་མཚོ་སྔོན་དང་ཀན་སུའུ། ཟི་ཁྲོན་སོགས་ཀྱི་བོད་རིགས་ས་ཁུལ་དུ་སླར་གསོ་བྱུང་བའི་གནས་ཚུལ་ལེགས་པོ་བྱུང་། དེས་ན་བོད་ལྗོངས་ལྷ་ལྡན་ཕྱོགས་ནས་བོད་ཀྱི་ལོ་གསར་རོལ་སྲོལ་ཇི་འདྲ་ཡིན་ཚུལ་མཚམས་སྦྱོར་སྙིང་འདུས་ཤིག་ཞུ་བ་ལ།

  དེ་ཡང་བོད་ཟླ12ཚེས་པ་ནས་བཟུང་། དབུས་གཙང་ཕྱོགས་ཀྱི་བོད་པ་ཚོས་ལོ་གསར་གྱི་ཉེར་མཁོའི་སྟ་གོན་རིམ་བཞིན་བྱེད་མགོ་ཚུགས་ཏེ། ཤ་མར་ཐུད་གསུམ་སོགས་ལོ་གསར་གྱི་ཉེར་མཁོ་དང་། གཟབ་སྤྲས་གྱོན་ཆས། སྡེར་ཁའི་ཁ་ཟས། ཁང་པའི་དར་ལྕོག མདའ་མདུང་གྲི་གསུམ། ལྷ་མཆོད་བསང་རྫས། གསོལ་སྐྱེམས་བདུད་རྩི། ཁུར་ཟས་སྣ་ཚོགས་བཅས་གྲ་སྒྲིག་ཚགས་སུ་ཆུད་པར་བྱེད་པར་མ་ཟད། ཁྱིམ་ཚང་སོ་སོས་ལོ་གཅིག་གི་དུད་པ་ལེན་པ་དང་། གད་སྙིགས་གཙང་མར་རྒྱག་པ་སོགས་ལོ་གསར་བསུ་བའི་ཉེར་བསྡོགས་ངང་གིས་བྱེད།

  བོད་ཟླ12ཚེས29ཉིན་གྱི་དགུང་མོར། ཁ་ཟས་སྣ་འདུས་ཅན་གྱི་དགུ་ཐུག་ཟེར་བ་འཐུང་སྲོལ་ཡོད། ཚེས30ཉིན་ཏེ། གནམ་གང་གི་ཉིན་ནས་བཟུང་། གྲ་སྒྲིག་གི་གཙོ་བོར་གྲོ་སོ་ཕྱེ་མར་དང་། ལོ་ཕུད་ཆང་ཕུད། གྲོ་མ་འབྲས་བསིལ། ཇ་མར་ཤིང་འབྲས་སོགས་དང་། གཞན་ཡང་ཡུལ་ཐོན་དངོས་རྫས་གྱ་ནོམ་པས་སྡེར་ཁ་མཐོན་པོར་བཤམས་ལ། རང་ཁྱིམ་མཆོད་ཁང་གི་སྐུ་རྟེན་ལ་སྙན་ཤལ་གསར་བསྒྲོན་པ་དང་། ཐབ་ཚང་ངོས་སུ་གྲོ་ཕྱེ་ཡིས་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབྲི་བ། ཆུ་སྣོད་རྫ་མ་དང་ཆུ་སྐྱོགས་ཐོམ་བུ་སོགས་ལ་ཁ་བཏགས་དཀྲི་བ། རྒྱལ་སྒོའི་མདུན་ནས་བཀྲ་ཤིས་གཡང་འགུགས་ཀྱི་དཀར་ཐིག་འཐེན་པ་དང་། དཀར་ཐིག་གི་དཀྱིལ་དུ་མི་འགྱུར་རྟག་བརྟན་གྱི་གཡུང་དྲུང་ངམ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་འབྲི་སྲོལ་ཡང་ཡོད།

  ལོ་གསར་ཚེས1ཉིན་གྱི་ཞོགས་པར། ཁྱིམ་བདག་མ་རྣམས་ཀྱིས་ཆུ་ཟོ་འཁུར་ནས་འཐུང་ཆུ་གསར་བ་ལེན་དུ་འགྲོ་དགོས་པར་མ་ཟད། ཉིན་དེའི་འཐུང་ཆུའི་ཕུད་མགོ་སུས་ལེན་ཐུབ་པར་ཡང་འཕྲོག་རྩོད་བྱེད། བཤད་སྲོལ་ལྟར་ན། གནམ་གང་གི་དགུང་མོ་ནི། གཤིན་རྗེ་ཆོས་རྒྱལ་གྱིས་གངས་རི་ཤེལ་གྱི་མཆོད་རྟེན་འདྲ་བའི་དབུ་རྩེ་ནས་གངས་སེང་དཀར་མོའི་འོ་མ་བཞོ་བའི་ཉིན་ཡིན་ལ། ཁོང་གི་ཞལ་སྲུབས་ལས་ཐང་ལ་ཐིགས་པའི་གངས་སེང་དཀར་མོའི་འོ་མ་ཡང་། གངས་རྒྱུན་དང་འདྲེས་ནས་ཁ་བའི་ལྗོངས་ཀྱི་ཆབ་རྒྱུན་ཡོད་ཚད་དུ་འཐིམས་ཡོད་པས། ཉིན་དེའི་ཆུ་མགོ་སུས་ལེན་ཐུབ་ན་དེ་ལྟར་དུ་བཀྲ་ཤིས་བདེ་ལེགས་ཀྱི་དངོས་གྲུབ་འབྱུང་ཟེར། ཉིན་དེའི་ལྷ་ཆུ་ལ་ནང་བཟའ་མི་ཚོས་ཁ་རེག་པར་མ་ཟད། སྒོ་ཟོག་རྣམས་ལའང་ཁ་བསྒྱེ་རུ་འཇུག ལོ་གསར་གྱི་སྐྱ་མདའ་ཤར་འཕྲལ། བོད་མི་སྤྱིའི་འགྲོ་ལུགས་ལྟར་ཞལ་ཁྲུས་གཙང་མ་བྱས་ནས། བསངས་འབུལ་བ་དང་དུང་འབུད་པ། ཤོག་སྦག་འཕེན་པ། ཇ་སྐྱེམས་ཆང་སྐྱེམས་འབུལ་བ་བཅས་ཀྱི་ཆོ་ག་བསྟར་རྗེས། བཟའ་མི་རྣམས་རྒན་གཞོན་གྱི་རིམ་པ་མ་འཆོལ་བའི་སྒོ་ནས་ཁ་གདན་བཏིང་བའི་གྲལ་ལ་འཁོད་དེ། ལྷན་ཏུ་ཁ་ཟས་ཞིམ་པོར་རོལ་བ་དང་། དཀྲུགས་ཇ་མངར་མོ་འཐུང་། དམངས་ཁྲོད་ཀྱི་འབྲས་དཀར་བཤད་མཁན་གྱིས་སྡེ་བའི་སྲང་ལམ་ནས་ལྷ་རྒྱལ་ལོ་ཞེས་པའི་འབོད་སྐད་བསྒྲགས་མ་ཐག ཁྱིམ་ཚང་སོ་སོས་དེ་ནི་ལོ་གསར་རྒད་པོ་དངོས་སུ་ཕེབས་པ་དང་འདྲ་བའི་འདུ་ཤེས་ཀྱིས་རང་ཁྱིམ་ལ་བསུས་ནས་ཁ་བཏགས་གཏོང་བ་དང་། ཆང་སྐལ་སྟེར་བ། ད་དུང་ཁོའི་སྟེང་དུ་རྩམ་སྐྱ་སྟོར་བ་དང་། ནས་འབྲུ་སྟོར་བ་སོགས་བྱས་རྗེས། ཁོ་ལ་ནས་ཆང་སྣ་ཁུ་ཚོད་མེད་དྲངས་ནས་བཟི་རུ་བཅུག་ན། ཁོས་ངག་ལས་ཐོན་པའི་བཀྲ་ཤིས་གཡང་འབོད་ཀྱི་ཚིག་ཀྱང་དེ་ལྟར་ཇེ་མཐོ་ཇེ་གསལ་དུ་འགྲོ་ཟེར། དེའི་འཕྲོར་སྒོ་ར་གཅིག་གི་མི་ཚང་མས་ཆང་དང་ཁ་བཏགས་བཟུང་ནས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུ་རུ་འགྲོ་ཞིང་། ཉིན་གང་པོར་ཇ་ཆང་གི་མཚོ་མོ་བསྐྱིལ་བ་དང་གླུ་ལེན་གར་རྩེད་ལ་རོལ་ནས་དུས་འདའ་བར་བྱེད།

  ལོ་གསར་ཚེས2ཉིན་ནས་བཟུང་། རང་གི་གྲོགས་པོ་བཟང་ས་རྒྱན་སའི་བར་དུ་ལོ་གསར་ལ་འགྲོ་ཞིང་། མི་ཐུག་ཐུག་རིག་རིག་ཚང་མས་ངོ་ཤེས་མིན་ལ་མི་བལྟ་བར་ཕན་ཚུན་ལ་ལོ་གསར་གྱི་བཀྲ་ཤིས་བདེ་ལེགས་ཞུ་བ་མ་ཟད། ཁ་བཏགས་གཏོང་བ་དང་ལོ་གསར་གྱི་ཆང་སྐལ་གསུམ་ཅིས་ཀྱང་འགྱོགས་དགོས། ཡང་གཉེན་ཉེ་ཕན་ཚུན་བར་ལ་ལོ་གསར་ལ་འགྲོ་དུས་ཅིས་ཀྱང་ལོ་གསར་གྱི་འཚམས་རྟགས་བཟུང་ནས་ཁྱིམ་ཚང་དུ་སོང་སྟེ། སོས་དལ་བག་ཕེབས་ངང་ཟས་གང་ཞིམ་དང་ཆང་གང་བཟང་ལ་རོལ་བར་བྱེད།

  ལོ་གསར་ཚེས3ཉིན། ལྷ་སའི་གླིང་གི་མི་རྣམས་ཤར་ནུབ་གཉིས་ཀྱི་རི་རྩེར་སོང་ནས་ལྷ་བསངས་འགྱོགས་པ་དང་། ཀླུང་རྟ་བསྐྱོད་པ། དར་ལྕོགས་འཛུགས་པ་བཅས་བྱས་ནས་ཆོས་སྐྱོང་གཞི་བདག་རྣམས་ལ་སྐུལ་བ་དང་བཅོལ་གདམས་བྱེད། གཞན་ཡང་ཆོས་ཕྱོགས་ཀྱི་ནང་དོན་ལྡན་པའི་འགྲོ་ལུགས་ཀྱང་རིམ་པ་མང་པོ་ཞིག་ཡོད། མདོར་ན། བོད་ཀྱི་ལོ་གསར་དུས་སུ་ལྷ་སའི་གླིང་ནི་ངོ་མའི་སྐྱེས་ཕོ་མོ་དང་། རྒན་གཞོན་གྱི་ཁྱད་པར་མེད་པར། ཞིམ་པོའི་ཟས་དང་མངར་མོའི་ཆང་ལ་རོལ་ཞིང་། སྐྱིད་པའི་གླུ་དང་དགའ་བའི་བྲོ་འཁྲབ་བཞིན། གང་ས་གང་དུ་དུས་ཆེན་གྱི་དགའ་སྣང་གིས་ཁེངས་ཡོད། །