ལོ་སར་གཏོང་སྲོལ།

  དམངས་ཁྲོད་དུ་རང་རང་འཁོས་སྦྱོར་ལ་གཞིགས་པའི་རྟེན་འབྲེལ་སྤྲོ་སྐྱིད་བསྟུད་མར་གཏོང་སྲོལ་ ཡོད་པའི་ཉིན་གྲངས་ནི་འདི་དང་དེ་ཞེས་ཚད་གཅིག་ཏུ་མ་ངེས་ཤིང་དེའང་དབུས་ཁུལ་དུ་སྤྱིར་ བོད་ཟླ་བཅུ་གཉིས་པ་ཤེར་འགོ་ཚུགས་པ་ནས་བཟུང་ལོ་གསར་གྱི་ཟས་གོས་ཀྱི་རིགས་ལ་སོགས་པའི་ ཉེར་མཁོའི་སྟ་གོན་རིམ་བཞིན་བྱེད་འགོ་བཙུགས་ཏེ་མི་ཚང་མས་ལོ་གསར་སྐྱིད་པོ་ཞིག་གཏོང་རྒྱུའི་ ཆེད་དུ་གྲ་སྒྲིག་བྲེལ་བ་འཚུབ་འཚུབ་ངང་བྱེད་ཀྱི་ཡོད་པས་ཁ་རྒྱུན་དུ་ལོ་གསར་མ་རེད་ལས་གསར་ རེད་ཅེས་བརྗོད། འདིར་གཙོ་བོར་གནམ་གང་ཉིན་གྱི་གྲ་སྒྲིག་ཇི་ལྟར་བྱ་བའི་རིམ་པ་རོབ་བསྡུས་ཤིག་ གླེང་ན། དེ་ཉིན་གྱི་སྟ་གོན་གཙོ་བོར་གྲོ་སོ་ཕྱེ་མར་དང་། གྲོ་མ་འབྲས་སིལ། ལོ་ཕུད་དང་། ཆང་ཕུད། ཇ་བག མར་གྲོད་རིལ། ལུག་མགོ་ལ་མར་ཚོན་གྱི་ཉི་ཟླས་བརྒྱན་པ། མཆོད་མེ། ཁ་ཟས་ཁུར་ཁོག་དང་། ཉ་ཤག སྨུག་ཐུང་། སྦོ་ལུགས། པིན་ཏོག་བཅས་ཁ་ཟས་སྡེར་མ། མར་གྱི་གཡུང་དྲུང་རི་མོས་བརྒྱན་པའི་ཞིབ་ཐུད་གྲུ་བཞི། དེ་བཞིན་ཡུལ་ཐོན་བཟའ་བཅའི་བྱེད་བྲག་སྣ་ཚོགས་པ་མཆོད་གཤོམ་མདུན་དང་ཕྱག་སྒམ་སྟེང་བྱུང་ ཁེངས་སྒྲིག་གཤོམ་གཟབ་རྒྱས་བྱེད་པ་དང་གཞན་ཡང་དག་སྣང་ཆེན་པོས་ཚོགས་ཕུད་དང་མཆོད་ཡོན་ སྣ་ལྔ་ལ་སོགས་པ་སྒྲིག་སྲོལ་ཡོད། ཐབ་ཚང་གི་རྩིག་ལྡེབས་སུ་གྲོ་ཕྱེའི་དཀར་ཐེག་དང་། བཀྲ་ཤིས་རྟགས་ བརྒྱད་སོགས་ཀྱིས་རེ་ཁས་རྣམ་པར་བརྒྱན་པ། དཀར་སྣོད་དང་། ཆུ་ཟངས། ཆུ་བན། རྫ་མ་སོགས་བཅུད་ཀྱིས་གཏམས་པའི་སྣོད་བཟང་དག་ལ་ཁ་བཏགས་སམ་བལ་དཀར་དཀྲི་བ། ཁང་པའི་ནང་གི་གདུང་ཁེབས་དང་སྒོ་སྒེའུ་ཁུང་སོགས་ཀྱི་ཤམ་བུ་གསར་དུ་བརྗེ་བ། ཁ་གདན་གསར་པ་ རྒྱག་པ། གདན་སྟེང་དུ་བརྟན་ཅིང་འགྱུར་མེད་ཀྱི་མཚན་མ་གྲོའི་གཡུང་དྲུང་འགོད་པ། སྒོ་ར་ཕྱི་ནང་གང་སར་དཀར་ཐིག་དང་རྒྱལ་སྒོའི་མདུན་ལ་དཀར་རག་གི་མི་འགྱུར་རྟག་ཏུ་བརྟན་པའི་ གཡུང་དུ་འབྲི་བ། ཐོག་སྟེང་དུ་འཛུགས་རྒྱུའི་དར་ལྕོག་གྲ་སྒྲིག་བྱེད་པ། གཞན་ཡང་ཁྱིམ་ཚང་གི་མདོ་སྦུག་ཀུན་ལ་བྱི་དོར་གང་ལེགས་ཐོག་ནང་པར་གྱོན་བྱེད་རང་རང་གི་རྒྱན་ གོས་གྲ་སྒྲིག་བྱེད་པས་མཚོན་གོ་རིམ་ཕྱིན་ཅི་མ་ལོག་པའི་རྟེན་འབྲེལ་སྒོ་འཕར་ཡངས་པོར་ཕྱེ། ལོ་གསར་ཚེས་གཅིག་ཐོ་རེངས་སྐར་ཆེན་ཤར་ཙམ་ནས་ཁྱིམ་ཚང་སོ་སོའི་ཆུ་ཕུད་ལེན་མཁན་གྱིས་གཟབ་ མཆོར་གང་ལེགས་དང་བཅས་ཁྲོན་པའི་ཁར་སྐུ་བསང་གཏོང་བ་དང་། ཁ་བཏགས་འདོགས་པ། ཕྱེ་མར་ ཆང་ཕུད་བསྟོར་བ་དང་། ཆུ་ལེན་པ་། དེ་ནས་ཕྱི་སྒོའི་འགྲམ་ནས་འབྲས་དཀར་བས་དགེ་བའི་མཚན་མ་ ཀུན་བཟང་གི་འབྲས་བཤད་རྒྱག་པ་དང་དེ་ལ་གསོལ་རས་སྤྲོད་པ། ནང་མི་རྒན་གཞོན་ཚང་མས་རྒྱས་གོས་གཟབ་མཆོར་སྤྲས་ཏེ་གཙུག་ལག་ཁང་སོགས་སུ་མཆོད་མཇལ་ལེགས་ པར་ཞུས་རྗེས་རང་རང་གི་ཁྱིམ་དུ་རྒན་གཞོན་རིམ་པ་མི་འཆོལ་བའི་བཀྲ་ཤིས་སྒོར་མོའི་བཞུགས་གྲལ་ལ་ འཁོད་ནས་གྲོ་སོ་ཕྱེ་མར་དང་གྲོ་མ་འབྲས་སིལ། ཆང་ཕུད་སོགས་རིམ་པས་ཕུར་གཏོར་ཞུས། དེ་ནས་གྲོ་ཐུག་ དང་། ཆང་སྐོལ། ཇ་བསྲུབ་མ། དཀར་སྤྲོ་སོགས་རོ་བཅུད་ལྡན་པའི་བཟའ་བཏུང་ལ་ཅི་འདོད་ལྟར་ལོངས་སུ་ སྤྱོད་ཅིང་གྲོང་པ་ཁྱིམ་མཚེས་ཕན་ཚུན་ཕྱེ་མར་རྒྱུགས་རེས་བྱེད་པར་འགྲོ་ཡི་ཡོད་པ། གཏམ་གྱི་དང་པོར་ བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། ཨ་མ་བག་དྲོ་སྐུ་ཁམས་བཟང་། གཏན་དུ་བདེ་བ་ཐོབ་པར་ཤོག གོང་ནས་གོང་དུ་འཕེལ་བར་ཤོག དུས་སང་ད་ཚོད་ཁྲ་རོག་རོག་ཡོང་བ་ཤོག་ཅེས་བརྗོད་པ་དང་ཕྱེ་མར་ ཆང་ཕུད་བཏེགས་ཏེ་བཀྲ་ཤིས་སྔ་ལྟས་ཀྱི་རྟེན་འབྲེལ་གཟབ་རྒྱས་བསྒྲིགས་ནས་དེ་ཉིན་རང་ཁྱིམ་སོ་སོར་ སྤྲོ་སྐྱིད་གཏོང་བ་ལས་ཕན་ཚུན་མགྲོན་སྐྱིད་བྱེད་སྲོལ་མེད་པ་བཅས་ཀྱི་བྱེད་སྒོ་ལམ་ཙམ་དེ་ལྟར་ལགས་སོ། ཚེས་གཉིས་ནས་བཟུང་གཉེན་གཤིན་མཛའ་གྲོགས་དང་། དགའ་ཉེ་བློ་དཀར། གྲོང་པ་ཕན་ཚུན་མགྲོན་ འབོད་ཐུགས་སྤྲོ་གཏོང་བའི་སྐབས་རྩེད་འཇོ་དང་གླུ་གར་ཞབས་བྲོ། རོལ་མོའི་བྱེ་བྲག་སྣ་ཚོགས་ཀྱིས་ཀུན་ ནས་དགའ་བར་བྱེད་པ། གཞན་ཡང་རི་རྩེའི་ལྷ་རྟེན་དང་། ཁང་པའི་ཐོག་ཁར་རླུང་རྟའི་དར་ལྕོག་དར་ཚོན་ སྣ་ལྔ་ཚོན་མདངས་རྣམ་པར་བཀྲ་བ་འཛུགས་པ་དང་ཐོག་གསོལ་གཟབ་རྒྱས་གཏོང་བ་སོགས་ཀྱི་བསང་ མཆོད་ཀྱི་དུད་སྤྲིན་གྱིས་ནམ་མཁའི་ཁྱོན་ཀུན་འགེང་ཞིང་ལྷ་རྒྱལ་ཀི་བསྭོའི་སྒྲ་དབྱངས་འབྲུག་སྟོང་ལྡིར་ བ་ལྟ་བུའི་རྣམ་པས་ཁེངས་པ་དང་། ཡུལ་གྲུ་སོ་སོའི་སྲོལ་ལུགས་ལྟར་ཁྱད་ཆོས་སྣ་ཚོགས་ལྡན་ཡོད་པ་དང་ བཅས་དགའ་སྟོན་གྱི་རིམ་པའང་གནའ་བོའི་སྲོལ་ལམ་བཟང་པོའི་རྗེས་སུ་ཞུགས་པས་བཀྲ་ཤིས་ཤིང་བྱིན་ ཆགས་པས་སྐྱེ་བོ་རྒན་གཞོན་མཐའ་དག་དགྱེས་པ་རབ་ཀྱི་རྩེ་མོར་སོན་ནོ།