ལོ་སར།

  འདིར་བོད་ཀྱི་ལོ་སར་དུས་ནམ་ཞིག་ལ་དར་བ་དང་མདོ་དབུས་ཁམས་གསུམ་གྱི་ལོ་སར་བའི་དུས་ཀྱི་ཆ་ནས་ཚུལ་ཇི་ལྟར་མི་འདྲ་བ་དང༌། དེ་དུས་ཟས་གོས་སོགས་ཀྱི་སྤྱོད་སྟངས་རགས་བསྡུས་ཤིག་ངེས་པར་བྱེད་དགོས།

  ལོ་སར་ནི་ང་ཚོ་བོད་ཀྱི་ཡུལ་གྲུ་ཀུན་ཏུ་དར་ཁྱབ་ཆེ་བའི་དུས་ཆེན་ཞིག་ཡིན་པ་མ་ཟད། ན་ཆུང་གྲོགས་པོ་རྣམས་ཀྱིས་ཀྱང་དངོས་སུ་རང་གི་ཕ་མ་དང་མིང་སྲིང༌། ཨ་མྱེས་དང་ཨ་ཕྱི་སོགས་དང་ལྷན་གཅིག་ཏུ་རོལ་མྱོང་བ་ཞིག་ཡིན་ནའང༌། ལོ་སར་ཇི་ལྟར་བྱུང་བ་ཁྱོད་ཀྱིས་ཤེས་སམ།

  སྟོད་དབུས་གཙང་གི་ཡུལ་དུ་དར་བའི་ལོ་སར་ནི། བོད་ཀྱི་རྒྱལ་བོ་པུ་དེ་གོང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་། རྒྱུ་སྐར་གྱི་འཁོར་འགྲོས་དང་བསྟུན་ནས་ཟླ་ཚེས་བརྩིས་ཏེ་དུས་བཞིའི་དབྱེ་བ་དང་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ། ད་ལྟའི་ལྷ་སའི་ལྷོ་ཁ་ས་ཁུལ་གྱི་ཡར་ལྷ་ཤམ་པོའི་འདབས་ཀྱི་ཁམ་སྡོང་གི་མེ་ཏོག་བཞད་དུས། བོད་ཀྱི་ལོ་སར་གྱི་ཐོག་མ་རོལ་མགོ་བརྩམས་པའི་བཤད་སྲོལ་ཡོད།

  ཡང་རང་རེའི་བོད་ཀྱི་ཡུལ་སྲོལ་གོམས་དཤིས་དང་སོ་ནམ་གྱི་གཉེར་སྟངས་མི་འདྲ་བའི་དབང་གིས་ལོ་སར་རོལ་སྟངས་ཀྱང་མི་འདྲ་བ་བྱུང་བ་རེད། འདིར་ང་ཚོས་དཔེ་འཇོག་ཙམ་བྱས་ན་ཁྱོད་ཀྱིས་ལས་སླ་མོར་ཤེས་སྲིད། དཔེར་ན། ལྷ་སའི་ཀོང་བོའི་ཡུལ་དུ་བོད་ཟླ10བའི་ཚེས1ཉིན་ལོ་གསར་དུ་ཚེས1 མངའ་རིས་སྤུ་ཧྲེང་སོགས་སུ་བོད་ཟླ11པར་ལོ་སར་རོལ་སྟངས་བཅས་དུས་ཀྱི་ཆ་ནས་མི་འདྲ། རང་རེའི་ཨ་མདོ་ལྟ་བུའི་ཡུལ་གྲུ་མང་པོར་ཆ་མཚོན་ན་ཧོར་ཟླ1བོའི་ཚེས1ཉིན་ལོ་གསར་དུ་ཚེས་པ་ཡིན་ལ། ལོ་སར་རོལ་བའི་དུས་ཚོད་ཀྱང་ཧ་ལམ་ལོ་སར་ཚེས1ནས15བར་དུ་ཡིན། ལོ་སར་མ་ཐོན་གོང་དུ་ལོ་སར་ལ་གྲ་སྒྲིག་བཟང་བོ་བྱེད་དགོས་པས། ང་ཚོ་བོད་མི་རྣམས་ཀྱིས་སྡོད་ཁང་ཆེ་ཆུང་ཀུན་ལ་གཙང་སྦྲ་ལེགས་པོ་བྱས་ཏེ། རང་གི་ཆ་རྐྱེན་དང་བསྟུན་ནས་བཟའ་བ་ཟས་ཀྱི་སྐོར། དཔེར་ན། ཤ་དང་གྲོ་འབྲས། སྔོ་ཚོད། སིལ་ཏོག་དང་ཀ་ར་སྣ་ཚོགས། ཆང་དང་སིལ་ཁུ་སོགས་བཏུང་བའི་རིགས། གཞན་ཡང་བཟའ་མི་ཆེ་ཆུང་ཀུན་གྱི་ལུས་ཚོད་དང་མཐུན་པའི་གྱོན་གོས་གསར་བ་ཉོས་ཏེ། ལོ་སར་གྱི་ཉིན་ལྷ་བསང་གཏོང་ཞིང་།ཟས་རིགས་དང་སིལ་ཏོག་སྣོ་ཚོགས་ཀྱི་སྡེར་ཁ་བསྒྲིགས་རང་ཁྱིམ་དུ་བཟའ་མི་ལྷན་འཛོམས་ཀྱིས་ཤ་དང་འོ་ཇ། གྲོ་འབྲས། ཕྱེ་མར། ཐུད།ཆང་ཕུད། ཚལ་རིགས་སྣ་ཚོགས་ལ་ལོངས་སྤྱོད་པའི་སྲོལ་འདུག