ཀྲུང་གོའི་བོད་ལྗོངས་ཀྱི་བརྗོད་དོན་རིག་གནས་འགྲེམས་སྟོན་ནེའུ་ཙི་ལན་རྒྱལ་ཁབ་ཏུ་སྤེལ་བ།

  

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན། ཀྲུང་གོའི་བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་ཤོས་ཨའོ་ཁོ་ལན་ཏི་(Auckland)ཀྲུང་གོའི་བོད་ལྗོངས་ཀྱི་རིག་གནས་འགྲེམས་སྟོན་བྱེད་སྒོ་སྤེལ་ནས་པར་རིས་འགྲེམས་སྟོན་དང་རིག་རྩལ་འཁྲབ་སྟོན་གཉིས་ཟུང་དུ་སྦྲེལ་ཏེ་ཕྱོགས་མང་པོ་ནས་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་མཛེས་ལྗོངས་དང་། ཡུལ་སྲོལ་གོམས་གཤིས། དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་རྣམ་པ་བསྟན་ཏེ་ཡུལ་དངོས་ཀྱི་ལྟད་མོ་བ་ཚོར་བག་ཆགས་ཟབ་མོ་ཞིག་བཞག་པས། སྲིད་ཕྱོགས་དང་ཕྱིར་སྡོད་རང་མི་ཚོགས་པ་ཚུད་པའི་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་རེད།

  སྤེལ་རེས་ཚོགས་པའི་ཚོགས་གཙོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་ལས་ཁང་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཅུད་ཀྱི་སྐོར་ཞིབ་པ་གཞོན་པ་ཝང་ཡན་ཝེན་གྱིས་མཚམས་སྦྱོང་གནང་དོན་དུ། ཀྲུང་གོ་ནི་གཅིག་གྱུར་གྱི་མི་རིགས་མང་པོའི་རྒྱལ་ཁབ་ཅིག་ཡིན་ལ། པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ། ཧྲེང་ཀྲེན་སོགས་ཀྱི་གྲོང་ཁྱེར་ཆེ་གྲས་འདི་དག་གི་ཐོག་ནས་ཀྲུང་གོ་ཧྲིལ་པོར་ངོས་འཛིན་བྱེད་པ་དཀའ་བས། ཀྲུང་གོའི་གྲངས་ཉུང་མི་རིགས་མང་པོ་དང་དེ་དག་གི་ཕུན་སུམ་ཚོགས་པའི་རིག་གནས་ཀྱང་ཆ་རྒྱུས་ལེན་དགོས་པ་རེད། ཐེངས་འདིའི་ཀྲུང་གོའི་བོད་ལྗོངས་ཀྱི་བག་ཆགས་ལྡན་པའི་པར་རིས་འགྲེམས་སྟོན་སྤེལ་བའི་དགོངས་དོན་ནི་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་མང་ཚོགས་ཀྱིས་ཀྲུང་གོ་ཆ་རྒྱུས་ཡོད་པར་བྱེད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ཆ་རྒྱུས་ཡོང་བའི་སྒེའུ་ཁུང་ཞིག་བསྐྲུན་ནས་ཕྱི་རྒྱལ་གྱི་ལས་རིགས་ཁག་ལ་མིའི་རིགས་ཀྱི་འཕེལ་རྒྱས་ཡར་ཐོན་གྱི་སྤྲོ་སྐྱིད་དེ་མཉམ་རོལ་བྱེད་དུ་བཅུག་པ་ཡིན་ཞེས་བརྗོད་པ་རེད།

  ཐེངས་འདིར། བོད་ཀྱི་རིག་གནས་སྤེལ་རེས་ཚོགས་པས་བོད་ལྗོངས་ཀྱི་རི་ཀླུང་གི་བཀོད་པ་དང་བརྗིད་ཆགས་ཡིད་འོང་གི་མཛེས་ལྗོངས། དེ་བཞིན་བོད་རིགས་སྤུན་ཟླ་ཚོའི་འཚོ་བ་དང་འཕེལ་རྒྱས་ཀྱི་པར་རིས་30ཙམ་བཀྲམས་སྟོན་བྱས་ཡོད་པ་ལས། ནེའུ་ཙི་ལན་སྲིད་འཛིན་ཏང་གི་རྒྱལ་ཁབ་ཏང་དང་ཏང་ཁག་གཞན་པའིགྲོས་མི་སོགས་ལྟ་སྐོར་གནང་བར་ཕེབས་ཡོད་པ་རེད།

  པར་རིས་འགྲེམས་སྟོན་གྱི་རྗེས་སུ། ནེའུ་ཙི་ལན་ཧྭ་ཤིན་སྒྱུ་རྩལ་ཚོགས་པས་ངོ་མཚར་རྨད་དུ་བྱུང་བའི་བོད་ཀྱི་རིག་རྩལ་འཁྲབ་སྟོན་ཞིག་བྱས་པ་རེད།ཨའོ་ཁོ་ལན་ཏི་གྲོང་ཁྱེར་ནི་སྤེལ་རེས་ཚོགས་པ་ད་ཐེངས་འཚམས་འདྲིར་ཕེབས་པའི་ས་ཚིགས་རྗེས་མ་དེ་ཡིན་ལ། དེ་སྔོན། སྤེལ་རེས་ཚོགས་པ་ཨོ་སི་ཁྲུ་ལི་ཡ་རྒྱལ་ཁབ་ཀྱི་ཞི་ཉི་དང་ཁན་པེ་ར་གཉིས་སུ་འཚམས་འདྲི་གནང་བར་ཕེབས་ནས་ཨོ་སི་ཁྲུ་ལི་ཡ་སྲིད་གཞུང་གི་དཔོན་མི་དང་། རིག་མཛོད། སྨྱན་སྦྱོར་གྱི་གསར་འགོད་པ་སོགས་དང་སྤེལ་རེས་ཐེངས་མང་བྱས་པ་རེད།