ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་བསྐྱར་དུ་ལྟ་སྐུལ་མཛུབ་ཁྲིད་བྱས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲུབ་འབྲས་སྔར་བས་གཏིང་ཟབ་དང་སྲ་བརྟན་དུ་བཏང་སྟེ་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་ལས་ཁང་དང་། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག གྲོང་ཁྱེར་དོ་དམ་ཨུ་ལྷན། གྲོང་ཁྱེར་འགྲིམ་འགྲུལ་ཅུས་སོགས་ཚན་པ10ལྷག་ཙམ་ལས་གྲུབ་པའི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་གྲོང་ཁྱེར་ཡོངས་ཀྱི་རྒྱལ་ཡོངས་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་གཏིང་ཟབ་ཏུ་གཏོང་བར་སླར་ཡང་ལྟ་སྐུལ་བྱས་པ་དང་འབྲེལ་ས་གནས་ས་ཐོག་ཏུ་དག་ཐེར་བླང་བྱའང་བཏོན་པ་རེད།

  ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པ་གྲོང་ཁུལ་རྙིང་པ་དང་། རླངས་འཁོར་བབས་ཚུགས། སྡེ་ཁུལ། ཚོང་ཁང་གཅིག་སྡུད་ཁུལ། ཞིང་ཟོག་ཁྲོམ་ར། གཞུང་ལམ་གཙོ་ཕལ་བཅས་སུ་སྤྱི་ཕན་བརྡ་ཆ་དྲིལ་བསྒྲགས་དང་། ཁོར་ཡུག་འཕྲོད་བསྟེན་དག་ཐེར། སྤྱི་པའི་སྒྲིག་བཀོད་བདག་སྐྱོང་། ཤེས་དཔལ་འགྲིམ་འགྲུལ་བྱ་སྤྱོད། སྤྱི་པའི་སྒྲིག་ལམ་ཚད་ལྡན་སོགས་ལ་ས་གནས་ས་ཐོག་ཏུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད། །