བོད་ལྗོངས་མཁའ་འགྲུལ་གྱིས་ཞི་ཨན་ནས་བལ་ཡུལ་གྱི་ཀ་ཏ་མན་རྡུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་པ་བྱས་པ།

  

མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་26ཉིན། བོད་ལྗོངས་མཁའ་འགྲུལ་གྱིས་ཞི་ཨན་ནས་བལ་ཡུལ་གྱི་ཀ་ཏ་མན་རྡུ་བར་ཐད་ཀར་འཕུར་བའི་མཁའ་ལམ་དངོས་སུ་ཤར་གཏོང་ཐུབ་པ་བྱས་ཤིང་། ཡུལ་སྐོར་བ་ཚོ་ཆུ་ཚོད་4ཡས་མས་རིང་ལ་ཞི་ཨན་ནས་ཀ་ཏ་མན་རྡུ་བར་ཐད་ཀར་སླེབས་ཐུབ་པ་རེད།

  མིག་སྔར། ཞི་ཨན་ནས་ཐད་ཀར་ཀ་ཏ་མན་རྡུར་འཕུར་བའི་དུས་གཏན་གནམ་གྲུའི་འབབ་འཕུར་དུས་ཚོད་ནི་གནམ་གྲུ་TV6019ཞི་ཨན་ནས་ཆུ་ཚོད་08:55ཐོག་འཕུར་རྒྱུ་དང་། ཆུ་ཚོད་12:40ཐོག(པེ་ཅིང་གི་དུས་ཚོད་)ཀ་ཏ་མན་རྡུ་རུ་འབབ་རྒྱུ། ཕྱིར་ལོག་དུས་གཏན་གནམ་གྲུ་TV6020ཀ་ཏ་མན་རྡུ་ནས་ཆུ་ཚོད་13:40(པེ་ཅིང་གི་དུས་ཚོད་)ཐོག་འཕུར་རྒྱུ་དང་། ཆུ་ཚོད་19:25ཐོག་ཞི་ཨན་དུ་འབབ་རྒྱུ་རེད། དུས་གཏན་གནམ་གྲུ་འདི་གཟའ་འཁོར་རེར་ཐེངས་གསུམ་འཕུར་རྒྱུ་སྟེ། གཟའ་མིག་དམར་དང་། ལྷག་པ། གཟའ་སྤེན་པ་བཅས་ལ་འཕུར་རྒྱུ་རེད།

  བོད་ལྗོངས་མཁའ་འགྲུལ་གྱི་ཚོང་གཉེར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་མི་སྣས་ངོ་སྤྲོད་བྱས་པ་སྟེ། མཁའ་ལམ་འདི་ལ་སྒུལ་ཤུགས་ཆེན་པོ་དང་མཁའ་ལམ་ཁྲིད་ཆས་སྔོན་ཐོན་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་A319འཕུར་སྐྱོད་ལས་འགན་འཁུར་རྒྱུ་ཡིན་ཞིང་། འགྲུལ་སྐྱོད་ལམ་ཁ་ཡོངས་སུ་བདེ་འཇགས་དང་བདེ་པོ་ཡོང་བར་འགན་སྲུང་ཏན་ཏིག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

  མཁའ་ལམ་དེའི་ལམ་རྒྱུད་ཀྱི་ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ་དང་། སི་ཁྲོན་ཞིང་ཆེན་ཁོངས་ཀྱི་གངས་དཀར་རི་བོ་དང་སྐུ་ལྷ་གཞི་བདག་གི་གངས་རིའི་མཛེས་ལྗོངས་ལ་ཐུར་ལྟ་བྱེད་ཐུབ་པ་དང་། བོད་ལྗོངས་ཀྱི་ལྷ་མཚོ་བཞིའི་ཡ་གྱལ་ཡར་འབྲོག་གཡུ་མཚོ་བརྒལ་ནས། ད་དུང་སྒང་གཤོང་མུ་འབྲེལ་གྱི་ཇོ་མོ་གླང་མའི་རི་རྒྱུད་ལ་ཐུར་ལྟ་ཡང་བྱེད་ཐུབ་ཀྱི་རེད།ཤེས་རྟོགས་བྱུང་བར་གཞིགས་ན། མཁའ་ལམ་འདི་ནི་ཞི་ཨན་ནས་བལ་ཡུལ་གྱི་ཀ་ཏ་མན་རྡུའི་བར་ཐད་ཀར་འཕུར་བའི་མཁའ་ལམ་ཐོག་མ་དེ་ཡིན་ལ། ཞི་ཨན་ནས་འཕུར་བའི་རྒྱལ་སྤྱིའི་མཁའ་ལམ་ཨང་49པ་རེད།