བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དྲུག་པ་ཟླ9པའི་ཟླ་སྨད་དུ་འཚོག་རྒྱུའི་གཏན་འཁེལ་བྱས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཚོགས་འདུ་ཐེངས119པ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས36པ་ཟླ9པའི་ཟླ་སྨད་དུ་འཚོག་རྒྱུའི་གཏན་འཁེལ་བྱས་པ་རེད།

  ཀྲུའུ་རེན་ཚོགས་འདུའི་ཐོག་གྲོས་འགོ་བཏོན་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སོ་དྲུག་པའི་གྲོས་རིམ་ནང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་དང་། རྒྱལ་ཡོངས་ས་གནས་ཁྲིམས་འཛུགས་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ཉེར་གསུམ་པའི་དགོངས་དོན་གཙོ་བོ་བརྒྱུད་བསྒྲགས་སློབ་སྦྱོང་། 《བོད་རང་སྐྱོང་ལྗོངས་བཟའ་བཅའི་ཐོན་སྐྱེད་བྱ་ཡུལ་བཟོ་ཁང་ཆུང་ངུ་དང་། བཟའ་བཏུང་ཁང་ཆུང་ངུ་། ཙག་ཙིག་ཚོང་ཁང་ཆུང་ངུ་། བཟའ་བཅའི་ཁྲོམ་བཀྱག་བཅས་ཀྱི་དོ་དམ་བྱ་ཐབས(འཆར་ཟིན)》ལ་གྲོས་ཞིབ། 《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག(བཟོ་བཅོས་འཆར་ཟིན)》ལ་གྲོས་ཞིབ། 《གཞིས་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་གྱི་ཚོགས་འདུའི་གྲོས་རིམ་གྱི་སྒྲིག་སྲོལ》ཞིབ་དཔྱད་དང་ཆོག་མཆན། 《ཉིང་ཁྲི་གྲོང་ཁྱེར་གྱི་གྲོང་ཁྱེར་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག》ལ་ཞིབ་དཔྱད་དང་ཆོག་མཆན། 《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་འཐུས་མིའི་མི་གྲངས་བགོ་བཤའ་དང་འདེམས་བསྐོའི་གནད་དོན་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་གཏན་འབེབས(འཆར་ཟིན)》ཀྱི་གྲོས་གཞིར་གྲོས་ཞིབ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མེ་ཟོན་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱི་མེ་ཟོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་ཞིབ་བཤེར་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་སྙན་ཞུར་གྲོས་ཞིབ་བཅས་ཚུད་ཡོད་པ་རེད།

  སྐབས་གསར་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བློ་བཟང་རྒྱལ་མཚན་གྱིས། གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་ཏང་གི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། སྐབས་བརྗེའི་འདེམས་བསྐོའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་མཛུབ་སྟོན་བླང་བྱ་ཞིབ་ཕྲའི་ལས་དོན་ཁག་ཏུ་དོན་འཁྱོལ་བྱས་ནས་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོའི་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་འགན་ལེན་བྱེད་དགོས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་ནན་པོར་གཞིགས་ཏེ་སྒྲིག་འཛུགས་ནན་ཏན་དང་། བཀོད་སྒྲིག་ཞིབ་ཚགས། ལས་བགོས་ཁ་གསལ་བཅས་བྱས་ཏེ་འདེམས་བསྐོའི་ལས་དོན་བརྟན་ཅིང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་བྱེད་དགོས་པ་དང་། གཉིས་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་གོ་རིམ་ལྡན་ལ་བརྟན་པོ་ཡོང་བར་བྱེད་དགོས་ཤིང་། མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ནས་རྒྱ་ཆེའི་སྤྱི་དམངས་ཀྱིས་ཡང་དག་པའི་སྒོ་ནས་རང་ངོས་ཀྱི་འདེམས་བསྐོའི་དབང་ཆ་དང་གདམ་བྱའི་དབང་ཆ་སྤྱོད་རྒྱུ་འགན་ལེན་དང་། ཡིག་བསྐུར་ངོ་བཅར་དང་འགལ་ཟླ་དང་རྩོད་གཞི་སེལ་ཤུགས་ཆེ་རུ་བཏང་ནས་སྐབས་བརྗེའི་འདེམས་བསྐོའི་ལས་དོན་བདེ་བླག་ངང་སྤེལ་བ་དང་ཕན་འབྲས་དངོས་ཐོན་པའི་ཐོག་ནས་རང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྔར་བས་སྲུང་སྐྱོང་ཡག་པོ་དང་སྲ་བརྟན་དུ་གཏོང་དགོས་པ། གསུམ་ནས་འདེམས་བསྐོའི་སྒྲིག་ཁྲིམས་ནན་དུ་བཏང་ནས་སྤྱོད་བཟང་གཞུང་དྲང་འགན་ལེན་བྱེད་དགོས་ཤིང་། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་བཞག་ནས་འཐུས་མིའི“འཇུག་སྒོ”དང་། འདེམས་བསྐོའི“སྒྲིག་འཛུགས་འགག་སྒོ”བརྒྱུད་རིམ་ཧྲིལ་པོའི“ལྟ་སྐུལ་འགག་སྒོ”བཅས་ནན་པོ་སྲུང་དགོས། དཔེ་མཚོན་གྱོད་དཔེ་དྲངས་ནས་ཉེན་བརྡའི་སློབ་གསོ་གཏོང་རྒྱུ་གང་ལེགས་སྤྱད་དེ་སྣ་སུན་ཕོག་པ་བྱས་ནས་ཉེན་བརྡ་ཡུན་རིང་གཏོང་བ་དང་དམར་ཐིག་བསྲུངས་ནས་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན“ཐར་པར་གཏན་ནས་མི་གཏོང་བར”འདེམས་བསྐོ་ཁྲིམས་ལྟར་གོ་རིམ་ལྡན་པ་དང་། སྤྱོད་བཟང་གཞུང་དྲང་། ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་སྒྲུབ་ཡོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། །