བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་བ།

  མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་ཀྱི་རིག་གནས་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་སྟེ་མོན་པ་རིགས་ཀྱི་ས་མཎ་ཆང་གཞས་དང་། འདྲེན་ཐང་གི་ཤར་པའི་གླུ་གར། ལྷོ་པའི་མེས་པོའི་གཏམ་རྒྱུད་སོགས་རྒྱུན་ཆད་ལ་ཉེ་བའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་10ལྷག་ཙམ་སྲུང་སྐྱོབ་ཐུབ་ཡོད།

  མིག་སྔར་བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཁ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། གཞིས་རྩེ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་མཐའ་མཚམས་གྲོང་ཁྱེར་(ས་ཁུལ)4ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་13དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་72ཡོད། ས་ཁུལ་ཁག་གི་རིག་གནས་སྡེ་ཚན་གྱིས་རྟག་ཏུ་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་མཐའ་མཚམས་ས་ཁུལ་དང་དེ་བཞིན་མི་འབོར་ཅུང་ཉུང་བའི་མི་རིགས་ས་ཁུལ་དུ་དུས་ངེས་མེད་ངང་བསྐྱོད་དེ་འདྲེན་ཐང་གི་ཤར་པའི་གླུ་གར་དང་། མོན་པའི་ཞབས་བྲོ། གུ་གེའི་ཤོན་སོགས་ཤུགས་རྐྱེན་ལྡན་པའི་མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་རིག་གནས་ལེ་ཚན་30ཙམ་མྱོང་རོལ་དང་། འཚོལ་བསྡུ། ལེགས་སྒྲིག གསར་གཏོད། སྒྲིག་བཟོ་བཅས་བྱས་ཡོད།

  “རྣམ་གྲངས་དེ་དག་གིས་མཐའ་མཚམས་ས་ཁུལ་གྱི་རིག་གནས་ཀྱི་ཤུགས་རྐྱེན་ནུས་པ་དང་འགྲན་རྩོད་ནུས་པ་ཆེ་རུ་བཏང་བ་མ་ཟད། ད་དུང་ས་གནས་དེ་གའི་ཡུལ་སྐོར་སྤུས་ཚད་མཐོ་རུ་བཏང་བ་དང་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཡོད། ང་ཚོས་མཐའ་མཚམས་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་ལ་བོད་སྐྱོར་མ་དངུལ་གཏོང་རྒྱུར་སྐུལ་སློང་དང་ལྕག་སྐུལ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཟབ་མོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། གནད་སྨིན་དབུལ་སྐྱོར་དང་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ། ‘ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ’འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན”ཞེས་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་ཁྲུའི་འགན་ཁུར་བས་བཤད།གོམ་སྟབས་རྗེས་མར་བོད་རང་སྐྱོང་ལྗོངས་ཀྱིས་མཐའ་མཚམས་ས་ཁུལ་གྱི་མངོན་མིན་རིག་གནས་ཤུལ་བཞག་ལ་གཙོ་གནད་བརྟག་ཞིབ་ཀྱི་ལས་དོན་སྤེལ་ནས་སྔར་བས་མཐིལ་རྟོགས་ཐུབ་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཉར་ཚགས་དང་སྲུང་སྐྱོང་འཆར་འགོད་བཟོ་བ། སྲུང་སྐྱོབ་དང་བེད་སྤྱོད། སྒྲིག་བཀོད་འཛུགས་སྐྲུན་བཅས་ལ་རྒྱལ་ཁབ་ཀྱི་གྲོན་དངུལ་མུ་མཐུད་སྔོན་ལ་བརྩོན་ལེན་བྱེད་པ། རིམ་ཁག་གི་ནོར་སྲིད་གཏོང་སྒོ་བརྩོན་ལེན་ཧུར་ཐག་བྱེད་པ། མཐའ་མཚམས་ས་ཁུལ་གྱིས་སྐད་ཡིག་གཞི་རྟེན་དུ་བྱས་པའི་དམངས་ཁྲོད་གཏམ་རྒྱུད་དང་གཞས་མ་གཏམ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཉར་ཚགས་དང་། སྲུང་སྐྱོབ། རྒྱུན་འཛིན་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་དེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞི་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཧུར་ཐག་གཏོད་རྒྱུ་རེད།