བོད་རང་སྐྱོང་ལྗོངས་ཀྱི་འཐུས་མི་ཚོགས་པ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་ཐོག་གི་ཐུན་མོང་མ་ཡིན་པའི་བཀྲག་མདངས་འཚེར་སར་གྱུར་པ།

  མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་འགོ་ཚུགས་མཛད་སྒོའི་ཚོགས་རར་བསྐྱོད་མཁན་གྱི་ལུས་རྩལ་པའི་འཐུས་མི་ཚོགས་པ་38ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པའི་འཐུས་མི་ཚོགས་པས་གཅིག་གྱུར་ཐོག་ལུས་ལ་བོད་ཆས་གྱོན་པ་དང་ལག་ཏུ་དཀར་གཙང་ཁ་བཏགས་དང་བོད་རྒྱ་ཡིག་རིགས་གཉིས་འཁོད་པའི“ཐེན་ཅིན་མི་དམངས་ལ་སློབ་སྦྱོང་བྱེད། ཐེན་ཅིན་མི་དམངས་ལ་གུས་འདུད་ཞུ”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་དམར་པོ་བཟུང་ནས་ཡང་ཤ་དོད་པའི་གོམ་སྟབས་སྤོས་ཏེ་རྒྱལ་ཡོངས་མི་དམངས་ལ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་བདེ་སྐྱིད་དང་བདེ་ཐང་། མཐུན་སྒྲིལ་ཡར་བརྩོན། དཔའ་ངར་ཆེར་བསྐྱེད་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་པ་དེ་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གི་མཛེས་སྡུག་ལྡན་པའི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད་པ་རེད།

  བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་330ཡི་རེ་བ་ཕྲག་ཏུ་ཁུར་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་དང་འབུར་དུ་ཐོན་པའི་ཉམས་འགྱུར་བརྩོན་ལེན་བྱས་ཏེ་མཆོང་རྒྱུག་འཕེན་གསུམ་དང་། རྟ་རྩལ། སྦེ་ག་སོགས་གཙོ་གནད་རྣམ་གྲངས་ལ་ཚད་བརྒལ་རང་བཞིན་གྱི་གྲུབ་འབྲས་ཐོབ་རེ་བྱེད་ཀྱི་ཡོད།

  བྲག་ལ་འཛེག་རྒྱུ་ནི་འདི་ལོ་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ནང་ཐོག་མར་ཚུད་པའི་རྣམ་གྲངས་དེ་ཡིན། ཟླ་8ཚེས་8ཉིན་ཁྲུང་ཆིང་དུ་གཉེར་བའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གསུམ་པའི་མང་ཚོགས་འགྲན་བསྡུར་གྱི་བུད་མེད་ཀྱི་བྲག་འཛེག་དཀའ་ཚད་ཀྱི་མཐའ་བསྡུར་ཁྲོད་བོད་ལྗོངས་ཀྱི་བདམས་ཐོན་པ་རིན་ཆེན་ལྷ་མོ་བྲག་འཛེག་ལུས་རྩལ་པ་མང་པོའི་ཁྲོད་ནས་འབུར་དུ་ཐོན་ཏེ་བུད་མེད་ཚོགས་ཆུང་གི་བྲག་འཛེག་དཀའ་ཚད་མཐའ་བསྡུར་གྱི་ཟངས་ཀྱི་རྟགས་མ་བླངས་པ་དེ་ནི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པར་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་ཐོབ་པའི་རྟགས་མ་ཐོག་མ་དེ་ཡིན་པ་རེད།

  རྩལ་འགྲན་རྟ་རྩལ་ནི་བོད་ཀྱི་སྲོལ་རྒྱུན་གྱི་ལེགས་ཆ་ལྡན་པའི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་བོད་ལྗོངས་ཀྱི་རྩལ་འགྲན་རྟ་རྩལ་རུ་ཁག་གིས་འགྲན་བསྡུར་གྱི་གྲ་སྒྲིག་ཡག་པོ་བྱས་ཡོད། བོད་ལྗོངས་ཀྱི་འཐུས་མི་ཚོགས་པའི་རྟ་རྩལ་རྣམ་གྲངས་ཀྱི་རུ་སྣེ་འཁྲིད་མཁན་མཚོ་དོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་བོད་ཀྱི་འཐུས་མི་ཚོགས་པའི་སྤེན་པ་ཚེ་རིང་དང་། བསྟན་འཛིན་ཕུན་ཚོགས། སྐལ་བཟང་ཕུན་ཚོགས། བསྟན་འཛིན་ནོར་ལྡན། ཧུང་ཆོན་བཅས་རྟ་རྩལ་པ་ལྔ་རྒྱུགས་རའི་བཀག་བརྒལ་ཚོགས་པའི་འགྲན་བསྡུར་དང་། རྒྱུགས་རའི་བཀག་བརྒལ་གྱི་མི་སྒེར་གྱི་འགྲན་བསྡུར། རྣམ་གྲངས་གསུམ་གྱི་ཚོགས་པའི་འགྲན་བསྡུར། རྣམ་གྲངས་གསུམ་གྱི་མི་སྒེར་གྱི་འགྲན་བསྡུར། གཟབ་མཆོར་གར་འགྲོས་ཀྱི་མི་སྒེར་གྱི་འགྲན་བསྡུར་སོགས་རྣམ་གྲངས་ལྔའི་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་རེད།ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཁྲོད་བོད་ལྗོངས་ཀྱི་ལུས་རྩལ་པ་ཕིང་ཕང་སྤོ་ལོ་དང་། ལྗིད་འདེགས། རྟ་རྩལ། གཡོར་གྲུ། མདའ་འཕེན། མཆོང་རྒྱུག་འཕེན་གསུམ། ཐའེ་ཆོན། སྦེ་ག་སོགས་རྣམ་གྲངས་ཆེན་པོ་བརྒྱད་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུ་དང་ཁྱོན་ལུས་རྩལ་པ་47ལ་མཐའ་བསྡུར་གྱི་ཐོབ་ཐང་ཐོབ་པ་དང་མཐའ་བསྡུར་གྱི་ཐོབ་ཐང་ཐོབ་པའི་མང་ཚོགས་ཀྱི་བདམས་ཐོན་པ་10མང་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་19ནང་ཞུགས་རྒྱུ་ཡིན་པ་རེད། བོད་ཀྱི་ལུས་རྩལ་པར་སྐབས་འདིའི་རྒྱལ་ཡོངས་ལུས་རྩལ་འགྲན་ཚོགས་ཐོག་གཡུར་ཟའི་གྲུབ་འབྲས་ཐོབ་རྒྱུའི་སྨོན་འདུན་ཞུ།