བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2014ལོར་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་བྱས་ཚུན། བོད་ལྗོངས་ཀྱིས་རྒྱུན་ཆད་མེད་པར་ཁོར་ཡུག་དོ་དམ་བྱེད་སྟངས་གསར་གཏོད་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ལ་ཁྲིད་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཡོད།

  ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་བྱེད་རིང་ས་གནས་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས། ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་ཚད་འགན་འཁྲིའི་ལམ་ལུགས་བཅས་ལག་བསྟར་དོན་འཁྱོལ་བྱེད་ཚུལ་དེ་དཔྱད་ཞིབ་ཀྱི་དམིགས་ཚད་གཙོ་བོར་བྱེད་པ་དང་། དཔྱད་ཞིབ་བརྒྱུད་ས་ཁུལ༼གྲོང་ཁྱེར༽དང་རྫོང་༼ཆུས༽ཀྱི་ཏང་ཨུད་དང་སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འགན་འཁྲི་གཙོ་བོའི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད།

  བོད་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔྱད་ཞིབ་བྱེད་རིང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་ཀྲུང་དབྱང་ནས་དོ་ཁུར་ཆེན་པོ་གནང་བ་དང་། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངན་པ་བཅས་ཀྱི་མངོན་གསལ་དོད་པའི་ཁོར་ཡུག་གནད་དོན་དང་དེ་དག་ཐག་གཅོད་བྱས་ཚུལ་ལ་དམ་པོར་དམིགས་ཏེ་མཁའ་རླུང་ཁོར་ཡུག་གི་སྤུས་ཚད་དང་། རང་བྱུང་སྲུང་སྐྱོབ་ཁུལ། རིགས་ཁག་གི་སྡེ་གླིང་འཆར་འགོད་དང་འཛུགས་སྐྲུན། གྲོང་ཁྱེར་དང་གྲོང་རྡལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་། འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོབ་སོགས་དོན་འཁྱོལ་བྱེད་ཚུལ་ལ་གཙོ་གནད་ཐོག་དཔྱད་ཞིབ་བྱས་ཡོད། ས་གནས་ས་ཐོག་གི་ཞིབ་བཤེར་སོགས་བརྒྱུད་གནད་དོན་ཤེས་རྟོགས་བྱས་ནས་བཅོས་སྒྲིག་གི་ཞིབ་ཐོ་བཀོད་དེ་བཅོས་སྒྲིག་བྱ་ཐབས་དང་བཅོས་སྒྲིག་དུས་བཀག་ཁ་གསལ་བཟོས་ནས། མི་དམངས་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་ཁོར་ཡུག་གནད་དོན་འབོར་ཆེན་ཞིག་ཐག་གཅོད་ཏན་ཏིག་བྱས་ཡོད།

  དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ་བརྒྱུད་ས་གནས་ཁག་གིས་མཛེས་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དམིགས་ཚད་དང་དམ་པོར་བསྟུན་ནས་གཏོང་འཇོག་ལ་ཤུགས་སྣོན་དང་བྱ་ཐབས་བཟོས་ཏེ། མཛེས་པའི་ཤང་གྲོང་དང་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ཡོད། དེང་སྐབས་ལྗོངས་ཡོངས་སུ་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་གྲོང་ཚོ1296དང་། སྐྱེ་ཁམས་ཤང་གྲོང་རྡལ128། སྐྱེ་ཁམས་རྫོང7བཅས་ཡོད་ཅིང་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། །