བོད་ལྗོངས་སུ་ཀྲུང་གོའི་མིག་མངས་ཀ་པ་རིམ་པའི་མཉམ་འབྲེལ་འགྲན་བསྡུར་སླར་ཡང་བྱས་པ།

  མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་2ཉིན། རང་རྒྱལ་གྱི་ལས་རིགས་མིག་མངས་ཁྱབ་ཁོངས་ཀྱི་རིམ་པ་མཐོ་ཤོས་ཀྱི་འགྲན་བསྡུར་ཏེ་ཀྲུང་གོའི་མི་མངས་ཀ་པ་རིམ་པའི་མཉམ་འབྲེལ་འགྲན་བསྡུར་སླར་ཡང་ལྷ་སར་བྱས་པ་རེད། དམངས་འཚོ་དངུལ་ཁང་པེ་ཅིང་རུ་ཁག་དང་ཅང་ཤིས་ཤིན་ཅིང་ཐའེ་ཡེ་རུ་ཁག་འགྲན་བསྡུར་བྱས་པ་དང་། འཛམ་གླིང་མིག་མངས་འགྲན་བསྡུར་གྱི་ཨང་དང་པོ་ལེན་མཁན་ཧྲེ་གཡོད་སོགས་ཆུ་ཚད་མཐོ་བའི་ལས་རིགས་བདམས་ཐོན་པས་མིག་མངས་བརྩེས་པ་རེད། དེ་ནས་བཟུང་མིག་མངས་ཀ་པ་རིམ་པའི་རུ་ཁག་མང་པོ་བོད་དུ་འགྲན་བསྡུར་བྱེད་པར་སླེབས་ནས་བོད་ཀྱི་མིག་མངས་ཆུ་ཚད་མཐོ་རུ་འགྲོ་བར་རྒྱུན་ཆད་མེད་པར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

  ཀྲུང་གོ་མིག་མངས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝང་རུའུ་ནན་གྱིས་བོད་ཀྱི་མིག་མངས་ལུས་རྩལ་འགོ་འཛུགས་ཕྱི་ཙམ་ཡོད་མོད། འོན་ཀྱང་འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ཡག་པོ་ཡོད། ཀྲུང་གོ་མིག་མངས་མཐུན་ཚོགས་ཀྱིས་བོད་ཀྱི་མིག་མངས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ནུས་པས་ལྕོགས་ཚོད་ཀྱིས་བོད་ལྗོངས་སུ་ཆུ་ཚད་མཐོ་བའི་འགྲན་བསྡུར་མང་ཙམ་བྱས་ཏེ་བོད་ཀྱི་ལས་རིགས་མིག་མངས་ཀྱི་ཆུ་ཚད་མཐོ་རུ་འགྲོ་བར་ཁྲིད་སྟོན་བྱེད་པ་དང་དུས་མཚུངས་མིག་མངས་དེ་གཞོན་ནུ་ལོ་ཆུང་སོགས་རྒྱ་ཆེའི་མིག་མངས་ལ་དགའ་པོ་བྱེད་མཁན་ཁྲོད་ཁྱབ་གདལ་གཏོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད།ཉེ་བའི་ལོ་ཤས་རིང་བོད་ལྗོངས་ཀྱི་མིག་མངས་ལུས་རྩལ་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་པས་འདི་ལོ་ལྷ་སར“ཀྲུང་གོའི་མིག་མངས་དར་ཡུལ”གྱི་མཚན་སྙན་ཐོབ་ཡོད་པ་རེད། མིག་སྔར་ལྷ་སའི་སློབ་གྲྭ་བཅུ་ལྷག་ཙམ་གྱིས་མིག་མངས་ཀྱི་སྤྲོ་སྣང་སློབ་ཚན་བཀོད་སྒྲིག་བྱས་པས་གཞོན་ནུ་ལོ་ཆུང་མང་པོ་མིག་མངས་ལ་དགའ་པོ་བྱེད་ཀྱི་ཡོད། ལྷ་སར་ད་དུང་མིག་མངས་ཁང་བཙུགས་ནས་བོད་ལྗོངས་ཀྱི་མིག་མངས་ཀྱི་སྙིང་བཅུད་བསྡུ་ལེན་ཧུར་ཐག་བྱས་ཏེ་མིག་མངས་ཀྱི་རྣམ་གྲངས་རིགས་མང་པོ་ནང་འདྲེན་བྱས་པ་དང་འབྲེལ་མིག་མངས་ཀྱི་གསོ་སྦྱོང་དང་འགྲན་བསྡུར་སོགས་རིགས་སྣ་ཚོགས་སྒྲུབ་གཉེར་དང་སྒྲིག་འཛུགས་བྱས་ཡོད་པ་རེད།