བོད་ལྗོངས་ཀྱི་ནོར་ཤུགས་བཅུ་ཆ་བདུན་ཡན་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ།

       མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ལོ་ལྔའི་རིང་བོད་ལྗོངས་ཀྱིས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་ལེན་བསྟར་བའི་ཁར་ལོ་ལྟར་ནོར་ཤུགས་བཅུ་ཆ་བདུན་ཡན་དམངས་འཚོའི་ཁྱབ་ཁོངས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་དམངས་འཚོ་ལེགས་སུ་གཏོང་ཐུབ་པའི་འགན་ལེན་ཏན་ཏིག་བྱས་ཤིང་། ན་ནིང་ཁོ་ནར་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་1266བཀོད་སྒྲིག་བྱས་པ་དག་སློབ་གསོ་དང་། སྤྱི་ཚོགས་འགན་ལེན། ལས་ཞུགས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་བ་དེ་2012ལོ་ལས་98.7%དང་ལྡབ་1ཙམ་འཕར་བ་དེས་ནོར་སྲིད་གཏོང་སྒོ་བསྡོམས་འབོར་གྱི་79.8%བཟུང་ཡོད་པ་རེད།
 

  ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་4613.99དང་ལོ་རེའི་ཆ་སྙོམས་འཕར་ཚད་13.17%ཟིན་པ་དང་། ནོར་སྲིད་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་6041.11དང་ལོ་རེའི་ཆ་སྙོམས་འཕར་ཚད་14.39%ཟིན་པ། ནོར་སྲིད་གཏོང་སྒོ་བསྡོམས་འབོར་སྒོར་དུང་ཕྱུར་6138.20དང་ལོ་རེའི་ཆ་སྙོམས་འཕར་ཚད་16.20%ཟིན་ཞིང་། ནོར་སྲིད་གཏོང་ཡོང་སྤྱིའི་ཆ་ནས་དོ་སྙོམས་ཡོད་པ་རེད།
“ང་ཚོས་སྔར་ཡོད་ཀྱི་རྨང་གཞིའི་ཐོག་ད་དུང་མ་དངུལ་སྒོར་དུང་ཕྱུར་300བཀོད་སྒྲིག་བྱས་ཏེ‘དམངས་འཚོའི་བྱ་བ་དངོས་བཅུ’བསྒྲུབ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། ཕྱོགས་བཅུའི་ཐད་ཀྱི་དམངས་འཚོའི་སྲིད་ཇུས་ཁག་33ལག་ལེན་བསྟར་ཏེ། ལོ་གོང་མའི་དུས་མཚུངས་ལས་79.5%འཕར་བ་བྱ་རྒྱུ་བཅས་ཡིན”བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཅང་གོ་ཅེས་དམངས་འཚོའི“བྱ་བ་དངོས་བཅུ”ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས“སྒྲུབ་གང་ཐུབ་བྱ་རྒྱུ”དང“ནུས་པས་ལྕོགས་ཚོད་བསྒྲུབ་རྒྱུ”གཉིས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་དམངས་འཚོའི་སྲིད་ཇུས་དང་དམངས་འཚོའི་མ་དངུལ་རྒྱུན་མཐུད་ཐུབ་པའི་འགན་ལེན་བྱ་རྒྱུ་དང་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་གཏོད་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།