ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་རྒྱུ་དང་འབྲེལ་ལས་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་མཆན་ཡོང་བར་འབུལ་རྒྱུར་མོས་མཐུན་བྱུང་བ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས13ཉིན་གྱི་སྔ་དྲོ་བོད་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་འབྲེལ་ཡོད་དཔལ་འབྱོར་གྱི་སྲིད་ཇུས་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས་ཏེ། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་རྒྱུ་དང་འབྲེལ་ལས་རིམ་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཞིབ་མཆན་ཡོང་བར་འབུལ་རྒྱུའི་མོས་མཐུན་བྱུང་བ་དང་། བོད་ལུགས་གསོ་རིག་དང་། ཆ་འཕྲིན་ཅན་གྱི་ཐོན་ལས་འཕེལ་རྒྱས་སོགས་ཀྱི་དོན་གནད་ལའང་ཞིབ་འཇུག་དང་བཀོད་སྒྲིག་ཀྱང་བྱས་པ་རེད།

  ཚོགས་འདུའི་ཐོག ལྷ་ས་གྲོང་ཁྱེར་ནི་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་དང་། རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཀྱི་གཙོ་གནད་གྲོང་ཁྱེར། རྒྱལ་ཁབ་ཀྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལྟེ་བའི་གྲོང་ཁྱེར་བཅས་ཡིན་པས། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་པ་ནི་རང་ལྗོངས་ཀྱིས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པས་དོན་སྙིང་ཆེན་པོ་ལྡན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་མཐོང་ཆེན་པོ་གནང་བ་དང་འབྲེལ་ཡོད་སྡེ་ཚན་གྱིས་འབད་པ་ཧུར་ཐག་དང་གྲ་སྒྲིག་ཞིབ་ཚགས་བྱས་པའི་འོག་རྒྱལ་ཁབ་རིམ་པའི་ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་ཕྱོགས་བསྡུས་ཁྲལ་མེད་ཁུལ་འཛུགས་པའི་རྨང་གཞིའི་ཆ་རྐྱེན་འཛོམས་ཡོད། གོམ་སྟབས་རྗེས་མའི་ལས་ཀར་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ནས་ལས་ཀ་སྒྲུབ་ཤུགས་ཆེ་རུ་གཏོང་བ་དང་། ཐོན་ལས་ཀྱི་ངེས་གནས་ཁོང་དུ་ཡག་པོ་ཆུད་པ། ཐོན་ལས་རྣམ་གྲངས་ཡག་པོ་འདེམས་པ། ས་མཐོའི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏང་གཞི་སྔར་བས་ཆེ་རུ་བཏང་བའི་སྒོ་ནས་ཨེ་ཤེ་ཡ་ལྷོ་མའི་ས་ཁོངས་དཔལ་འབྱོར་མཉམ་ལས་ཐད་ཀྱི་རང་ལྗོངས་ཀྱི་ཡིད་དབང་འགུགས་ཤུགས་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ནུས་བཅས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

  ཚོགས་འདུའི་ཐོག་བོད་ཀྱི་གསོ་བ་རིག་པ་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གསོ་རིག་དང་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རིག་གནས་ཀྱི་གདེང་ཚོད་བློ་ལ་བརྟན་པོ་བཅངས་ནས་ལངས་ཕྱོགས་སྔར་བས་མཐོ་བ་དང་། མིག་རྒྱང་སྔར་བས་རིང་བ། བྱེད་ཐབས་སྔར་བས་གནད་སྨིན་གྱིས་བོད་ཀྱི་གསོ་བ་རིག་པ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་དང་སྒྲིག་གཞི་མྱུར་དུ་ཆགས་པར་བྱེད་པ་དང་། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་ནས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱས་ཏེ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་གསོ་བ་རིག་པའི་ནོར་བུ་རྩ་ཆེན་དེའི་གཟི་འོད་དུས་རབས་ཀྱི་ཆ་རྐྱེན་གསར་པའི་འོག་སྔར་བས་འཚེར་བར་བྱེད་དགོས།

  ཚོགས་འདུའི་ཐོག གློག་རྡུལ་སྲིད་དོན་དང་རིག་ནུས་གྲོང་ཁྱེར་སྐྲུན་པར་དམ་འཛིན་དང་ཚད་ལྡན་དུ་གཏོང་བ་རྨང་གཞིར་བྱས་ནས་རང་ལྗོངས་སུ་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་སྤྱི་འདོམས་ངང་སྐུལ་མ་བཏང་ནས་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མཉམ་སྐྲུན་མཉམ་སྤྱོད་དང་། ཆ་འཕྲིན་གྱི་མ་ལག་ཕན་ཚུན་མཐུད་སྦྲེལ། གྲངས་གཞིའི་ཐོན་ཁུངས་གསར་སྤེལ་མཉམ་སྤྱོད་ཐུབ་ནས“རིག་ནུས་བོད་ལྗོངས”ཤིག་ཧུར་ཐག་གཏོད་དགོས་པ་བསྟན་ཡོད། །