བོད་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ཚོགས་འདུ་འཚོགས་པ།

  ཟླ9ཚེས14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ཚོགས་འདུ་འཚོགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས14ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ཚོགས་འདུ་འཚོགས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་ཐེངས་གཉིས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ།

  གྲུབ་འབྲས་ལ་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། ལས་དོན་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ་ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྔར་བས་སྐུལ་འདེད་བཏང་བ་རེད།

  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་རག་སྡིས་རྣམ་གཉིས་ཀྱིས་གསུང་བཤད་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་བཅས་ཚོགས་འདུར་ཕེབས་པ།ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཝང་གཡུང་ཅུན་དང་། ཙེང་དབན་མིང་། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། སྐར་མ། ཀྲོའུ་ཁྲུན་ལའེ། རྒྱལ་མཚན། དབང་ཧའེ་ཀྲོའུ། ཀའོ་དབྱང་། པད་མ་རྣམ་རྒྱལ་སོགས་ཚོགས་འདུར་ཕེབས་ཡོད་པ་རེད།

  ཚོགས་འདུའི་ཐོག་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་།《ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་སྔར་བས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བསམ་འཆར》དང《“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ནག་ཆུ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཛུགས་སྐྲུན་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཇུས་གཞིར》གསལ་བཤད་བྱས་པ་རེད།

  ཝུའུ་དབྱིང་ཅེས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྔ་རྗེས་སུ་བོད་ཀྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པའི་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པ་གཏན་འབེབས་གནང་བ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་གལ་ཆེན་རབ་དང་རིམ་པ་གཏན་འཁེལ་གནང་བས་རང་རེའི་ཏང་གི་བོད་སྐྱོང་མཛད་ཇུས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ནས་ང་ཚོས་ལས་དོན་ལེགས་པར་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་ཐུབ་ཡོད་ལ་གཞི་འཛིན་སའང་མཁོ་འདོན་ཐུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནག་ཆུའི་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་ནག་ཆུའི་མི་དམངས་ལ་ཐུགས་ཁྲལ་ཆེན་པོ་གནང་ནས་ནག་ཆུའི་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་ཐེངས་མང་གནང་བས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་ལ་དྲོ་སྐྱིད་ཀྱི་ཚོར་སྣང་ཟབ་མོ་བྱུང་། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ནག་ཆུའི་ལས་དོན་ལ་རྒྱབ་སྐྱོར་བྱེད་རྒྱུར་མཐོང་ཧ་ཅང་ཆེན་པོ་གནང་ནས་ནག་ཆུར་ལས་དོན་ལ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་སྐུ་ངོ་མ་ཕེབས་པ་དང་འབྲེལ་མཛུབ་སྟོན་དང་བླང་བྱ་རབ་དང་རིམ་པ་བཏོན་གནང་ཡོད། བློ་མཐུན་རག་སྡིས་ཀྱིས་སྔ་བར་ཕྱི་གསུམ་དུ་ནག་ཆུ་ཐུགས་ལ་འཆང་བ་དང་ནག་ཆུར་བརྩེ་སེམས་བཅངས་ནས་དུས་ཡུན་རིང་པོའི་ནང་ནག་ཆུའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཆེད་ཕྱག་ལས་འབོར་ཆེན་བསྒྲུབས་གནང་ཡོད་ཅེས་གསུངས་པ་རེད།

  ཝུའུ་དབྱིང་ཅེས། ནག་ཆུ་ནི་བོད་ཀྱི“བྱང་སྒོ་ཆེན་པོ”ཡིན་པས་རང་ལྗོངས་ཙམ་མ་ཟད། ཐ་ན་རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ཚེ་འཐབ་ཇུས་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ལྡན་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་སྐབས་རིམ་བྱུང་གི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ནག་ཆུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བྱ་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ཏེ་རྣམ་གྲངས་གལ་ཆེན་ཁག་གཅིག་འཛུགས་སྐྲུན་བྱས་པས་ནག་ཆུའི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་ནུས་ལྡན་ཐུབ་ཡོད། སྐབས་རིམ་བྱུང་གི་ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་ཚན་ཁག་གིས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་བོད་བྱང་ཐང་ས་མཐོར་རྩ་བ་ཚུགས་པ་དང་དཀའ་སྤྱད་འབད་འཐབ་བྱས་པས་ནག་ཆུའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

  ཝུའུ་དབྱིང་ཅེས། ནག་ཆུའི་ལས་དོན་ལ་འགྲན་སློང་མི་ཉུང་བ་འཕྲད་ཡོད་ལ་ཐོབ་པར་དཀའ་བའི་གོ་སྐབས་ཀྱང་འཕྲད་ཡོད། སྤྱིའི་ཆ་ནས་བལྟས་ཚེ་འགྲན་སློང་ལས་གོ་སྐབས་ཆེ་བ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་གྱི་ཡང་དག་པའི་ཁྲིད་སྟོན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འབེབས་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་ཤུགས་ཆེའི་འདེགས་སྐྱོར། རྒྱལ་ཡོངས་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཤུགས་ཆེའི་སྐུལ་འདེད། ནག་ཆུའི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་རྩ་ཆེའི་སྙིང་སྟོབས་དང་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་ཆེན་པོ་བཅས་ཡོད་པས་ནག་ཆུའི་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ངེས་ཡིན་པ་དང་། ནག་ཆུའི་མི་དམངས་རྣམས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་ངེས་ཡིན་པར་ང་ཚོས་ཡིད་ཆེས་ཆེན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་རེད།

  ཝུའུ་དབྱིང་ཅེས། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ནག་ཆུའི་ལས་དོན་ལེགས་པར་སྒྲུབ་པར་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་བླང་བྱ་གཞིར་བཟུང་མི་འབོར་དང་། ས་ཆ་དང་རྩྭ་ར། མ་རྩ། ལག་རྩལ། ཆ་འཕྲིན་སོགས་ཀྱི་ཐོན་སྐྱེད་ཀྱི་གཞི་རྒྱུ་དང་སྤྱི་པའི་ཐོན་ཁུངས་གཅིག་སྡུད་འོས་འཚམ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཙོ་གནད་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཛེས་སྡུག་ལྡན་པའི་ནག་ཆུ་འཛུགས་སྐྲུན་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྣོད་བཅུད་ལ་དམ་འཛིན་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བའི་འགན་ལེན་དང་། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་བཟང་པོ་ཡོང་བའི་འགན་ལེན། མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བའི་འགན་ལེན་བཅས་བྱས་ཏེ་2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་དགོས།

  དེའང་གཅིག་ནས་མི་དམངས་ལྟེ་བར་འཛིན་པའི་བསམ་བློ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ནག་ཆུས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་གོམ་སྟབས་སྤོ་མགྱོགས་སུ་གཏོང་དགོས་པ་དང་།

  གཉིས་ནས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཙོ་གནད་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་ནག་ཆུ་ཡུན་རིང་བདེ་འཁོད་ཡོང་རྒྱུར་སྐུལ་འདེད་གཏོང་དགོས་པ།

  གསུམ་ནས་མཛེས་སྡུག་ལྡན་པའི་ནག་ཆུ་འཛུགས་སྐྲུན་བྱེད་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་སྣོད་བཅུད་ལ་དམ་འཛིན་བྱས་ཏེ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་ནུས་ལྡན་གཏོད་དགོས་པ།

  བཞི་ནས་གཞི་རིམ་རྨང་གཞི་བརྟན་དུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

  ཝུའུ་དབྱིང་ཅེས་ནག་ཆུའི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”“སའེ་ཧན་ཐང་གི་སྙིང་སྟོབས”བཅས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་སྤེལ་ཏེ“དུས་ཚོད་གང་བྱུང་འཕྲོག་བརླག་གཏོང་བ་ལས་དཀའ་བ་སྤྱད་ནས་མི་དམངས་ལ་ཞབས་འདེགས་ཞུས་ན་ལེགས་པའི”བསམ་བློ་སྔར་བས་འཛུགས་པ་དང་། རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་བ། བརྩེ་སེམས་འཆང་བ་དང་འགན་འཁྲི་བློ་ལ་འཆང་བ་བཅས་བྱས་ནས་དངུལ་སྐར་ཆ་ཙམ་ཡང་ཡག་པོ་སྤྱོད་པ་དང་། སྲིད་ཇུས་ཁག་ཚང་མ་ཡག་པོ་སྤྱོད་པ། རྣམ་གྲངས་ཚང་མ་འཛུགས་སྐྲུན་ཡག་པོ་བྱེད་པ་བཅས་བྱས་ཏེ་ནག་ཆུའི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དངོས་འབྲེལ་སྐྲུན་དགོས་པ་དང་། ནག་ཆུའི་མི་རིགས་ཁག་གི་མང་ཚོགས་ཚོས་གོ་སྐབས་དམ་བཟུང་དང་། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ་བཅས་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་ལས་ལ་བརྩོན་པའི་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་བཏོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མཚོ་ལྟར་ཟབ་པའི་བཀའ་དྲིན་འཇལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

  རག་སྡིས་ཀྱིས་ནག་ཆུའི་ལས་དོན་ཚོགས་འདུ་འཚོག་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་སྔར་བས་བྱེད་པའི་མཚོན་ཚུལ་གལ་ཆེན་ཞིག་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལག་ལེན་གལ་ཆེན་ཞིག རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་ཞིབ་ཕྲ་ཡོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན་པས་ནག་ཆུའི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད་ཅེས་གསུངས་པ་རེད།

  རག་སྡིས་ཀྱིས་ནག་ཆུ་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་འཕེལ་རྒྱས་རྗེས་ལུས་ཡིན་པས་དཔེ་མཚོན་གྱི་གཅིག་སྡུད་ཡུག་འབྲེལ་གྱི་ས་ཁུལ་དབུལ་པོ་ཞིག་དང་། ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོ་ཡོད་པས་ལྗོངས་ཡོངས་ཀྱི་ཁྲོད་ལས་དོན་དང་འཚོ་བའི་ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་ཀྱི་ས་ཁུལ་ཞིག ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ཧ་ཅང་རྣོ་ངར་ཆེ་ལ་རྙོག་འཛིང་ཆེ་བ་དང་བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཧང་ཅང་ལྕི་བའི་ས་ཁུལ་ཞིག་བཅས་ཡིན་པས་ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད་དང་ནག་ཆུར་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་གཉིས་དང་གཞུང་ཁོངས་ཁེ་ལས་ཀྱིས་ནག་ཆུའི་ལས་དོན་གྱི་གལ་ཆེའི་རང་བཞིན་དང་། དམིགས་བསལ་རང་བཞིན། དཀའ་ཚེགས་རང་བཞིན། དཀའ་སྤྱད་རང་བཞིན་བཅས་ལ་ཤེས་རྟོགས་དང་བསམ་ཤེས་གང་ལེགས་བྱས་ཏེ་སྲིད་ཇུས་དང་། ཐོན་ལས། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ནག་ཆུའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་དགོས་པ་དང་། ནག་ཆུ་ས་ཁུལ་གྱིས་ངེས་པར་དུ་ཐོབ་པར་དཀའ་བའི་གོ་སྐབས་དམ་བཟུང་གིས་ད་ཐེངས་ཀྱི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁག་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་ཡག་པོ་བྱས་ནས་ནག་ཆུའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས། སྣོད་བཅུད། ཏང་འཛུགས་སྐྱོང་བཅས་ཀྱི་བྱ་གཞག་ཁག་ལ་ཚད་བརྒལ་གསར་པ་ཡོང་བ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

  ཆེ་དགྲ་ལྷས། བོད་ལྗོངས་ཙམ་མ་ཟད་ཐ་ན་རྒྱལ་ཡོངས་ཀྱི་ངོས་ནས་བརྗོད་ཚེ་ནག་ཆུར་ཧ་ཅང་གལ་འགངས་ཆེ་བའི་འཐབ་ཇུས་ཀྱི་གནས་བབ་ལྡན་ཡོད། ནག་ཆུ་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་རྒྱུར་རྒྱབ་སྐྱོར་བྱེད་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་བསམ་གཞིག་བཅས་ཡིན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ད་ཐེངས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་ནག་ཆུའི་ལས་དོན་གྱི་གལ་ཆེའི་རང་བཞིན་གསལ་ཤེས་གང་ལེགས་བྱེད་པ་དང་། ངོས་འཛིན་གཅིག་གྱུར་དང་། དམིགས་ཚད་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་ཐུབ་པ་བྱེད་པ། ལས་ཀའི་ཧུར་བརྩོན་རང་་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ནག་ཆུ་ས་ཁུལ་གྱིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་གོ་སྐབས་དམ་བཟུང་གིས་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་། གོ་སྐབས་དམ་བཟུང་གིས་འཇུར་མིག་གི་ཚོད་འཛིན་མེད་པ་བཟོ་བ། གོ་སྐབས་དམ་བཟུང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། གོ་སྐབས་དམ་བཟུང་གིས་དམངས་འཚོ་འགན་ལེན་དང་ལེགས་བཅོས་བྱེད་པ། གོ་སྐབས་དམ་བཟུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་བཅས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཧུར་ཐག་ཡོང་བ་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཟེར་འདེབས་ཀྱི་སྙིང་སྟོབས”ལ་བརྟེན་ནས་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་བོད་བྱང་ཐང་གི་མི་དམངས་མང་ཚོགས་ཚོས་ཏང་གི་དྲོ་སྐྱིད་ཏན་ཏིག་ཚོར་ཐུབ་པ་བྱེད་དགོས། མཐུན་སྦྱོར་གཞོགས་འདེགས་ལ་དམ་འཛིན་བྱས་ནས་ལས་དོན་ཁག་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། འགན་འཁྲི་བདའ་འདེད་ལ་ལྟ་བཤེར་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་ལས་དོན་ཚང་མ་དོན་འཁྱོལ་ཐུབ་པ་དང་རིམ་པ་སྟར་ཆགས་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་དགོས་ཞེས་གསུངས་པ་རེད། །