བོད་ལྗོངས་ཀྱི་ས་ཁུལ་ཁག་གིས་བྱ་ཐབས་སྣ་མང་ལ་བརྟེན་ནས་ཁོར་ཡུག་གནད་དོན་དག་ཐེར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་བོད་ལྗོངས་ཡོངས་ཀྱི་ས་ཁུལ་ཁག་གིས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཁོར་ཡུག་གནད་དོན་དག་ཐེར་གྱི་ཕན་འབྲས་ལ་བརྟག་པའི“ལྡོག་མེད་དམིགས་ཚད”ལ་བརྩིས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། འགན་འཁྲི་དོན་འཁྱོལ་ཧུར་ཐག དག་ཐེར་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཁོར་ཡུག་གི་གནད་དོན་མངོན་གསལ་དོད་པོ་འབོར་ཆེན་ཐག་གཅོད་བྱས་ཤིང་། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ཧོར་རུ་གྲོང་ཚོའི་ཁོར་ཡུག་བཙོག་ཟིང་ཞན་གསུམ་དང་། གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་བཀྲ་ཤིས་སྒང་གྲོང་ཚོའི་ཨར་འདམ་བཟོ་གྲྭས་སྤང་ལ་གཏོར་བཤིག་བཏང་བ། ནག་ཆུ་ས་ཁུལ་ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་གྱི་རྡོ་གཤགས་ར་བས་ཐལ་རྡུལ་གྱི་སྦགས་བཙོག་བཟོས་པ་སོགས་ཀྱི་གྱོད་གཞི41དུས་ཐོག་ཏུ་ཐག་གཅོད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་བཏང་ཡོད་པ་རེད།

  

 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་བདེ་སྡོད་ཁང་བརྒྱད་པའི་ནང་གི་ཟ་ཁང2ཀྱི་སྣུམ་གྱི་དུ་བའི་སྦགས་བཙོག་དང་འཛེར་སྒྲས་དེ་གའི་གྲོང་མིར་སུན་པོ་བཟོ་བའི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་གྱིས་དངུལ་ཆད་སྒོར1000བཏང་ནས་འཕྲལ་མར་སྣུམ་གྱི་དུ་བ་འབུད་པའི་སྦུ་གུ་དང་ཟ་ཁང་ལ་གཙང་སྦྲ་བྱེད་དུ་བཅུག་པ་དང་འབྲེལ། སྣུམ་གྱི་དུ་བ་འབུད་པའི་སྦུ་གུ་སྒྱུར་བཀོད་བྱས་ནས་འཛེར་སྒྲ་ཆུང་གཏོང་གི་སྒྲིག་བཀོད་སྒྲིག་སྦྱོར་བྱེད་དུ་བཅུག་པ་རེད། ཁུལ་ཆུང་གི་གྲོང་མི་སྒྲོན་ལགས་ཀྱིས“ད་ཆ་སྣུམ་གྱི་དྲི་མ་མི་དྲོ་བ་མ་ཟད། ད་དུང་འཛེར་སྒྲའང་ཆུང་དུ་ཕྱིན་འདུག་པས་སྲིད་གཞུང་ནས་ཐག་གཅོད་ཡག་པོ་གནང་སོང”ཞེས་བཤད།

  ཉིན་ཤས་གོང་མང་ཚོགས་ཀྱིས“གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཚན་རྩལ་ལམ་ཉེ་འཁོར་གྱི་ཟ་ཁང་གིས་ལྟོ་ཆས་ལྷག་འཕྲོ་དང་བཙོག་ཆུ་ཐད་ཀར་གད་སྣོད་དུ་སྐྱུར་ནས་གད་སྙིགས་དང་བཙོག་ཆུ་ལམ་ངོས་སུ་ལུད་པ་དང་དེ་ལས་སྣ་ཁུག་ཚ་ཤུར་རྒྱག་པའི་དྲི་ངན་དྲོ་གི་འདུག”ཅེས་ཐེར་འདོན་བྱས་པར་ས་གནས་དེ་གའི་སྡེ་ཚན་གྱིས་སྦགས་བཙོག་བཟོས་པའི་ལམ་ངོས་དང་གད་སྣོད་ལ་གཙང་སྦྲ་བྱས་པ་དང་ཆབས་ཅིག འབྲེལ་ཡོད་ཚོང་དུད་ལ་ཆད་པ་བཅད་པ་དང་སློབ་གསོ་བརྒྱབ་ནས་ཁོང་ཚོས་ཚད་ལྡན་ངང་གད་སྙིགས་རིགས་དབྱེ་དང་གཙང་སྦྲ་དོད་པའི་ཁོར་ཡུག་རྒྱུན་འཁྱོངས་ཡག་པོ་བྱ་རྒྱུའི་ཁྲིད་སྟོན་བྱས་པ་རེད། “ཤེས་དཔལ་གྲོང་ཁྱེར་གཏོད་པར་མི་ཚང་མས་བདག་སྐྱོང་བྱེད་དགོས། ཟ་ཁང་གི་སྦྱིན་བདག་ལ་ཀུན་ཕན་གྱི་བསམ་བློ་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཡོད་ཚེ། གཞི་ནས་སྐུ་མགྲོན་དེ་བས་མང་བའི་ཡིད་དབང་འགུག་ཐུབ”ཅེས་ཉེ་འགྲམ་གྱི་གྲོང་མི་ཕུར་བུ་ཚེ་རིང་གིས་གསར་འགོད་པར་བཤད་བྱུང་།

  “ནག་ཆུ་ས་ཁུལ་ནག་ཆུ་རྫོང་ལྷོ་མ་གྲོང་རྡལ་གྱི་གྲོང་ཚོ13གྱི་རྡོ་གཤགས་ར་བ་ཞིག་ལས་ཐལ་རྡུལ་འབོར་ཆེན་ལངས་པར”ནག་ཆུ་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཁེ་ལས་དེར་དངུལ་ཆད་སྒོར་ཁྲི10བཅད་པ་དང་འབྲེལ་ལས་མཚམས་བཞག་ནས་དག་ཐེར་ཉིན30བྱས་ཏེ་ཐལ་རྡུལ་འཇགས་པའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་རྩིས་ལེན་བྱས་ནས་ཚད་གཞི་ལོན་ཚེ་གཞི་ནས་ལས་སྒོ་བསྐྱར་ཚུགས་བྱེད་ཆོག་པའི་པའི་བཀའ་བཏང་བ་རེད། །