"ལོ་ངོ་སྟོང་གི་ལོ་རྒྱུས"ལ་བརྟེན་ནས"དམངས་ཕྱུག་ལམ་བུ"བཏོད་པ།

 
 
       མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་12ཉིན། ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱེད་མཁན་བཅིངས་འགྲོལ་བདེ་སྐྱིད་ཀྱི་ངོས་ནས་བརྗོད་ན། དབྱར་དུས་ནི་བྲེལ་བརྩོན་ཆེ་ལ་སྤྲོ་སྣང་ལྡན་པའི་དུས་ཚིགས་ཤིག་ཡིན། ལོ་ལྟར་གྱི་ཟླ་5པ་ནས་10པའི་བར་ནི་ཡུལ་སྐོར་བྱེད་མང་བའི་དུས་ཚིགས་ཡིན་པས་མགྲོན་ཁང་ནང་སྡོད་མཁན་ཡུལ་སྐོར་བ་མང་པོ་ཡོད་སྟབས་ཉིན་ལྟར་ཡོང་འབབ་སྒོར་ཆིག་སྟོང་ཙམ་ཟིན་གྱི་ཡོད།

  “ངའི་ཁྱིམ་དུ་ཁང་མིག་གསུམ་ནང་ཉལ་ཁྲི་40ཡོད་པ་དང་། རྒྱལ་སྟོན་རིང་མི་མང་པོ་ཡོད་པས་སྔོན་ནས་མངགས་དགོས་ཀྱི་ཡོད”བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁྱིམ་ཚང་མགྲོན་ཁང་དུ་སྐྱོད་སྐབས་ཁོང་གིས་ཧྲང་ཧའེ་ནས་ཡིན་པའི་ཡུལ་སྐོར་ཚོགས་པ་ཞིག་གི་ཁ་པར་ཉན་བཞིན་ཡོད་པ་དང་། ཡུལ་སྐོར་བ་མང་ཤོས་སྐབས་སུ་བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁ་པར་ནང་རྟག་ཏུ་ཁང་པ་མངགས་མཁན་མང་པོ་ཡོད་པ་དང་འདི་གར་ཡིད་སྨོན་སྐྱེས་ནས་ཡོང་གི་ཡོད།

  བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁྱིམ་ཚང་མགྲོན་ཁང་བོད་ལྗོངས་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་རྩ་ཧྲེང་གྲོང་ཚོར་གནས་ཡོད་པ་དང་། ཁོང་གི་ཁྱིམ་ཚང་མགྲོན་ཁང་གི་སྒོ་ཕྱེ་ཚེ་བོད་བཟོའི་ཁྱད་ཆོས་ཀྱིས་ཕྱུག་པའི་སྒོ་ར་ཞིག་ནང་མཚར་སྡུག་བཀྲ་བའི་མེ་ཏོག་བཞད་ཡོད་པ་དང་སྒེའུ་ཁུང་ལས་ཁང་པའི་ནང་ཉི་འོད་རབ་ཏུ་འཕྲོས། ཁང་པའི་ནང་ནས་རྒྱང་རིང་ལ་བལྟས་ཚེ་བར་ཐག་མི་རིང་བའི་སར་ཡོད་པའི་རི་གཉའི་སྟེང་གི་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་མཐོང་ཐུབ་ཀྱི་ཡོད།

  རྩྭ་མདའ་རྫོང་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་སྐལ་བཟང་རིག་འཛིན་གྱིས་གསར་འགོད་པར། གུ་གེ་རྒྱལ་རབས་ཀྱི་བཟོ་སྐྲུན་གྱི་ཚོན་རིས་དང་། འཇིམ་བཟོ། འཇིམ་རྐོས་སོགས་ཚང་མར་རིན་ཐང་ཆེན་པོ་ཡོད་པས་མི་རབས་རྗེས་མར་རྩ་ཆེའི་རིག་དངོས་དང་ལོ་རྒྱུས་ཀྱི་དཔྱད་གཞི་མང་པོ་བཞག་ཡོད། གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་ཡང་དེའི་དབང་གིས་འཛམ་གླིང་དུ་སྐད་གྲགས་ཆེན་པོ་ཡོད་པས་ལོ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ལྟ་སྐོར་དང་དཔྱད་གཞི་རྩད་འཚོལ་བྱེད་པར་ཡོང་གི་ཡོད། 1961ལོར་གུ་གེ་རྒྱལ་རབས་ཀྱི་གནའ་ཤུལ་རྒྱལ་ཁབ་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་ཁག་དང་པོའི་ནང་བཅུག་པ་རེད།

  ཉེ་བའི་ལོ་ཤས་རིང་། རྩྭ་མདའ་རྫོང་གིས་ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བའི་སྲིད་ཇུས་ཁྱབ་གདལ་གཏིང་ཟབ་བཏང་བ་དང་སྦྲགས་ས་གནས་དེ་གའི་ཡུལ་མིས་ཀྱང“ལོ་ངོ་སྟོང་གི་གུ་གེའི་ལོ་རྒྱུས”ལ་བརྟེན་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དམངས་ཕྱུག་ལམ་བུའི་ཐོག་སྐྱོད་བཞིན་ཡོད།

  2006ལོར་མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་སྦྲགས་བོད་ཀྱི་ཡུལ་སྐོར་ལས་རིགས་ལ“གྱེན་འཕྱུར”རྣམ་པའི་འཕེལ་རྒྱས་བྱུང་ཡོད། ཡུལ་སྐོར་བ་ཇེ་མང་དུ་འགྲོ་བ་མཐོང་སྐབས་བཅིངས་འགྲོལ་བདེ་སྐྱིད་ཀྱིས་ཁྱིམ་ཚང་མགྲོན་ཁང་གཉེར་སྐྱོང་བྱས་ནས་གྲོང་ཚོའི་ནང་དུ་མགྲོན་ཁང་སྐྲུན་མཁན་དང་པོར་གྱུར།

  བཅིངས་འགྲོལ་བདེ་སྐྱིད་ཀྱིས་སྐབས་དེ་དུས་འགྲིམ་འགྲུལ་སྟབས་བདེ་མེད་པས་ཡུལ་སྐོར་བ་མང་པོ་རྐང་ཐང་མའམ་ཡང་ན་རྐང་འཁོར་བཞོན་ནས་ཡོང་གི་འདུག་པས་འདི་གར་དགོང་མོ་ཞག་སྡོད་བྱེད་ས་ཞིག་དགོས་བསམ་ནས་ཁོང་གིས་ཁྱིམ་དུ་སྐབས་འཕྲལ་གྱི་ཉལ་ཁྲི་གསུམ་བཞི་བརྒྱབ་པས་ལོ་དེ་གར་ཡོང་འབབ་སྒོར་3000བྱུང་ཞེས་བཤད།

  བཅིངས་འགྲོལ་བདེ་སྐྱིད་ཀྱི་ཁྱིམ་ཚང་མགྲོན་ཁང་གི་ཚོང་ཡག་པོ་བྱུང་བས་གྲོང་མི་གཞན་གྱིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་མགྲོན་ཁང་བཙུགས། ད་ཆ་དུད་ཚང་38ཀྱི་མི་152ཡོད་པའི་གྲོང་ཚོ་ཆུང་ངུ་དེའི་ནང་དུད་ཚང་34ཡིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད་པ་དང་ལོ་ལྟར་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཁོ་ན་མི་ཐེངས་2000ཟིན་ནས་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ལྷག་ཙམ་ཟིན་གྱི་ཡོད།

  རྩ་ཧྲེང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་འཕྲིན་ལས་དབང་མོས་གསར་འགོད་པར། ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བར་ཞག་སྡོད་བྱེད་ས་མཁོ་འདོན་བྱས་པ་མ་ཟད། ད་དུང་ཁོང་ཚོར་ས་གནས་དེ་གའི་བོད་བྱའི་སྒོ་ང་དང་། འོ་མ། ཞོ། ཚགས་ཤ་ལུག་ཤ། རྩམ་པ། ཇ་བསྲུབས་མ། ནས་ཆང་སོགས་ཁྱད་ལྡན་བཟའ་འཐུང་མཁོ་འདོན་བྱེད་ཀྱི་ཡོད་ཅེས་བཤད།

  འབྱུང་འགྱུར་གྱི་སྐོར་གླེང་སྐབས་བཅིངས་འགྲོལ་བདེ་སྐྱིད་ལ་ཕུགས་ཀྱི་འཆར་འགོད་ཅིག་ཡོད་པ་སྟེ། མ་དངུལ་སྒོར་ཁྲི་བརྒྱ་བཏང་ནས་རྫོང་གྲོང་དུ་བོད་བཟོའི་ཉམས་འགྱུར་ལྡན་པའི་དེང་རབས་ཅན་གྱི་མགྲོན་ཁང་ཞིག་བཙུགས་ནས་དྲ་རྒྱ་དང་། བརྙན་འཕྲིན། དཔེ་དེབ་སོགས་བརྒྱུད་མི་དེ་བས་མང་བར་གུ་གེ་རྒྱལ་རབས་ཀྱི་ལོ་རྒྱུས་ཤེས་སུ་འཇུག་རྒྱུ་ཡིན་པ་རེད།
རྩ་ཧྲེང་གྲོང་ཚོའི“ཡུལ་སྐོར་དམངས་ཕྱུག”གི་དཔེ་དབྱིབས་ནི་བོད་ཀྱིས་འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་ཧུར་ཐག་བཏོད་པའི་བསྡུས་རིས་ཤིག་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་། འགྲིམ་འགྲུལ་དང་ནུས་རྒྱུ་སོགས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་འགྲོ་བ་དང་སྦྲགས་བོད་དུ་ཡུལ་སྐོར་བྱ་རྒྱུ་དེ་དཀའ་གནད་ཅིག་མིན་པར་བོད་ཀྱི་ཡུལ་སྐོར་ཐོན་ལས་རང་ངོས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་སྔར་བས་མངོན་གསལ་དོད་དུ་སོང་ཡོད། 2016ལོར་བོད་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་བསྡོམས་སྒོར་དུང་ཕྱུར་330ཟིན་ཡོད་པ་རེད།