ཀླུ་ཆུ་རྫོང་གིས"བོད་ཁྱིམ་སྤྲོ་སྐྱིད་ཁང"ལ་བརྟེན་ནས་ཞིང་འབྲོག་པ་གནད་སྨིན་དབུལ་སྒྲོལ་བྱས།

  མི་དམངས་དྲ་བའི་འཕྲིན། སྟོན་དུས་ཀྱི་ཀན་ལྷོའི་གནམ་གཤིས་འགྱུར་ལྡོག་ཆེ་ཡང་། རི་བོའི་འདབས་དང་ཆུ་བོའི་ངོགས་སུ་ཆགས་པའི་ཀླུ་ཆུ་རྫོང་ཤིས་ཚང་གྲོང་རྡལ་དགོན་ཆགས་གྲོང་ཚོར་སླེབས་སྐབས། ཨར་འདམ་གྱིས་བསྐྲུན་པའི་གྲོང་ཚོའི་ལམ་དང་བོད་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྡོད་ཁང་སོགས་ཧ་ཅང་མཛེས་པོ་ཡོད་པ་རེད། ལོ་གཉིས་རིང་། “བོད་ཁྱིམ་སྤྲོ་སྐྱིད་ཁང”གིས་གཙོས་པའི་གྲོང་གསེབ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་སྐུལ་ཁྲིད་བྱས་པས། དགོན་ཆགས་གྲོང་ཚོ་དང་ཀླུ་ཆུའི་ཕར་ངོགས་ཀྱི་རྡོ་ར་གྲོང་ཚོ་གཉིས་ལ་དེ་སྔ་དབུལ་པོ་78ཡོད་པ་དང་ད་ཆ་དབུལ་པོ་6ལས་ལྷག་མེད། དེས་ན“བོད་ཁྱིམ་སྤྲོ་སྐྱིད་ཁང”དེ་ཉིད་ས་གནས་དེ་གའི་ཞིང་འབྲོག་པས“ཕྱུག་འགྱུར་གྱི་སྒོ་མོ”འབྱེད་པའི་གསེར་གྱི་ལྡེ་མིག་ལྟ་བུར་གྱུར་ཡོད་པ་རེད།

  དགོན་ཆགས་གྲོང་ཚོ་ནི་ཀླུ་ཆུའི་ངོགས་ཀྱི་རྫས་ཚ་བྲག་རྫོང་མཛེས་ལྗོངས་ཁུལ་གྱི་འཛུལ་སར་ཆགས་ཡོད། 2016ལོར་སྣོད་བཅུད་ཤེས་དཔལ་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་ཚད་གཞི་ལྟར་ཕྱུགས་ར་དང་གསང་སྤྱོད་སྒྱུར་བཀོད་དང་སྲང་ལམ་ཨར་འདམ་དུ་བཟོ་བའི་ལས་གྲྭ་ལག་བསྟར་བྱས་པ་མ་ཟད། ད་དུང་གྲོང་མིའི་རིག་གནས་བྱེད་སྒོ་ཐང་ཆེན་དང་། ལན་ཆིའུ་སྤོ་ལོ་ཐང་། ལྗོངས་གཟིགས་སྒང་བཅས་ཀྱང་བསྐྲུན་ནས་གྲོང་ཚོའི་རྣམ་པ་གསར་རྐྱང་དུ་བཏང་ཡོད་པ་རེད།

  ལོ་ལྔ་བཅུར་སོན་པའི་མགོན་པོ་བཀྲ་ཤིས་ནི་གྲོང་ཚོ་དེ་ཡོངས་སུ་སྐད་གྲགས་ཆོད་པའི་ཕྱུག་འགྱུར་འཇོན་ཐང་ཅན་ཞིག་ཡིན་ལ། ཁོང་གིས་བུ་འབྲུག་རྒྱལ་དང་མཉམ་དུ་བོད་ཁྱིམ་འགྲུལ་ཁང་ཞིག་གཉེར་བར་ས་ཆ་ཡག་པོ་ཡོད་པས་སྡོད་མཁན་ཡུལ་སྐོར་བ་མང་པོ་བྱུང་བ་དང་། ན་ནིང་ཡུལ་སྐོར་བ་མི་ཐེངས་800ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡོང་འབབ་སྒོར་ཁྲི་9ཙམ་ཟིན་པའི་ཁར་ནས་མུའུ་15བཏབ་པའི་ཡོང་འབབ་དང་དེ་མིན་ཡོང་འབབ་གཞན་དག་བསྣན་པས་ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་11ལྷག་ཟིན་ཡོད་པ་རེད། རང་ཉིད་ཕྱུག་འགྱུར་ཐུབ་རྗེས་མགོན་པོ་བཀྲ་ཤིས་ཀྱིས་གྲོང་མི་གཞན་གྱི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱས་པ་དང་། འབྲུག་རྒྱལ་གྱིས་ཕར་འགྲུལ་ཁང་གཉེར་སྐྱོང་བྱེད་རོགས་བྱེད་པ་དང་ཆབས་ཅིག་དྲ་ཐོག་ནས་ཚོང་ཁང་བཙུགས་ཏེ་གྲོང་མི་ཚོར་དབྱར་རྩྭ་དགུན་འབུ་སོགས་ཡུལ་ཟོག་ཚོང་རོགས་བྱས་པ་རེད།ཀླུ་ཆུ་རྫོང་དུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་སྐབས་ནི་ལོ་རེའི་ཟླ་བདུན་པ་དང་བརྒྱད་པ་ཡིན། ཀླུ་ཆུ་རྫོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་སྐལ་བཟང་ལྷ་མོས“མཉམ་དུ་ཕྱུག་འགྱུར་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། འགྲུལ་ཁང་གི་རིན་གོང་རང་དགར་བཅགས་ནས་འགྲུལ་པ་ཧབ་ཐོབ་རྒྱག་པ་སོགས་ཀྱི་སྣང་ཚུལ་ངན་པ་མི་ཐོན་པར་བྱེད་ཆེད། དགོན་ཆགས་གྲོང་ཚོས་བོད་ཁྱིམ་སྤྲོ་སྐྱིད་ཁང་ཡུལ་སྐོར་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། འགྲུལ་པ་ཅུང་ཉུང་བའི་བོད་ཁྱིམ་སྤྲོ་སྐྱིད་ཁང་གིས། མཉམ་ལས་ཁང་དུ་ལས་ཀ་བྱེད་པའམ་ཡང་ན་འགྲུལ་པ་མང་བའི་བོད་ཁྱིམ་སྤྲོ་སྐྱིད་ཁང་དུ་ལས་ཀ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡོང་འབབ་མང་དུ་གཏོང་ཆོག”མིག་སྔར་ཀླུ་ཆུ་རྫོང་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ཁང་སྣ་ཚོགས་200ལྷག་ཙམ་བཙུགས་ནས་ཐོན་ཁུངས་སྣ་ཚོགས་ལ་སྤྱི་འདོམས་དོ་དམ་བྱས་ཏེ་མི་སེར་ཚོར་དབུལ་སྒྲོལ་ཕྱུག་འགྱུར་བྱེད་རོགས་བྱེད་ཀྱི་ཡོད། “ཁྱིམ་ཚང་གཅིག་ཀྱང་མ་ལུས་པར་ཚང་མ་དབུལ་སྒྲོལ་ལམ་བུར་སྐྱོད་དགོས”ཞེས་བརྗོད་པ་རེད།