གན་རྒྱ།

༄༅། །གན་རྒྱ་ཞེས་པ་ནི་ཕྱོགས་གཉིས་སམ་གསུམ་གྱིས་དོན་གང་རུང་ཞིག་བསྒྲུབ་རྒྱུའམ་དམིགས་ཡུལ་ངེས་ཅན་ཞིག་སྒྲུབ་སླད་ཕྱོགས་སོ་སོའི་ཁེ་དབང་དང་འོས་འགན་གཏན་འཁེལ་བྱས་ནས་བརྩི་སྲུང་ལག་ལེན་མཐར་ཕྱིན་བྱེད་ཆེད་ཕྱོགས་སོ་སོས་གཞི་འཛིན་བྱེད་དུ་གན་རྒྱའི་འདྲ་ཡ་རེ་ཉར་ནས་དེ་ལྟར་ལག་ལེན་བྱེད་དགོས་པའི་ཡིག་རིགས་ལ་ཟེར། གན་རྒྱ་དངོས་སུ་འཇོག་སྐབས་གཤམ་གསལ་གྱི་གནས་ཚུལ་ལ་དོ་སྣང་བྱེད་དགོས་པ་སྟེ། ཚན་པ་དང་ཚན་པའམ། ཡང་ན་སྒེར་དང་ཚན་པ། ཡང་ན་སྒེར་དང་སྒེར་དབར་མཉམ་གྲོས་བྱུང་བའི་དོན་རྩ་རྣམས་ཁ་གསལ་གོ་བདེ་བྲི་དགོས་པ་དང་གཅིགགན་རྒྱའི་ནང་གཏན་འབེབས་བྱས་ཟིན་པའི་བྱེད་ཐབས་ཁག་ངེས་པར་དུ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སྲིད་ཇུས་དང་མཐུན་པ་བྱེད་དགོས་པ་དང་གཉིས། གན་རྒྱའི་ནང་གྲངས་ཚད་བཀོད་དགོས་ན་ཡིག་ཆེན་བྲི་དགོས་པ་དང་གསུམ། རྗེས་སོར་ཀ་ཀོར་མི་ཡོང་བའི་སླད་དུ་གནད་དོན་རྣམས་བཙན་པོ་བྲི་དགོས་པ་མ་ཟད། ཡི་གེ་ཁམས་དྭངས་བྲིས་ནས་ཕྱོགས་སོ་སོས་བལྟས་རྗེས་མིང་རྟགས་བཀོད་དེ་བརྩི་སྲུང་བྱེད་དགོས་པ་དང་བཞི་བཅས་སོ།

  གན་རྒྱ་འབྲི་སྟངས་ནི། ཐོག་མར་གན་རྒྱ་གང་ཡིན་མཚོན་པའི་ཁ་བྱང་བྲི་དགོས་པ་དང༌། དེ་རྗེས་གན་རྒྱ་འཇོག་མཁན་གྱི་ཚན་པའི་མིང་དང་གལ་ཏེ་འཐུས་མི་ཡིན་ན་ཚན་པའི་མིང་གི་མཇུག་ཏུ་འཐུས་མིའི་མིང་བཀོད་དགོས། དེ་ནས་མུ་མཐུད་གང་གི་སླད་དུ་གན་རྒྱ་བཞག་དོན་བྲི་དགོས་པ་མ་ཟད། ཞིབ་ཕྲའི་ནང་དོན་དང་གན་རྒྱའི་ནང་དོན་དངོས་སུ་ལག་ལེན་བསྟར་བའི་དུས་བཀག་ཚད་གཞི་སོགས་དོན་ཚན་རེ་རེ་བཞིན་འབེབས་བླངས་ཏེ་ཡིག་རྫོབ་ཆུང་ལ་གོ་དོན་ཁ་གསལ་བྲི་དགོས། མཇུག་ཏུ་གན་རྒྱ་བཞག་པའི་དུས་ཚོད་དང་གན་རྒྱ་འཇོག་མཁན་གྱི་མིང་རྟགས་བཀོད་ནས་གན་རྒྱའི་འདྲ་ཡ་རེ་ཕྱོགས་སོ་སོས་ཉར་ཚགས་བྱེད་དགོས་པ་བཅས་གོང་གསལ་འབྲི་སྟངས་ནི་དེང་དུས་ཀྱི་གན་དོན་འཇོག་སྟངས་ཡིན།

དཔེ་གཞི།༡

བཟོ་སྐྲུན་གན་རྒྱ།

  ག་གེ་མོ་ཕྱུགས་ལས་རུ་ཁག(ཀ་པ)

 

  གན་འཇོག་ལས་ཁུངས།

 

  ག་གེ་མོ་བཟོ་སྐྲུན་རུ་ཁག(ཁ་པ)

 

  ཀ་པས་ཁ་པར་ཕྱུགས་ར་རྒྱག་རྒྱུ་མངགས་པར་ཕན་ཚུན་གཉིས་ཀའི་འཐུས་མིས་གྲོས་བསྡུར་བྱས་པ་བརྒྱུད་གཤམ་གསལ་གྱི་གན་རྒྱ་འཇོག་རྒྱུ།

  ཁ་པས་ཀ་པས་ཇུས་འགོད་བྱས་པའི་དཔེ་རིས་བཞིན་ཀ་པར་ཕྱུགས་ར་ཁང་མིག་སུམ་ཅུ་གསར་རྒྱག་བྱ་རྒྱུ་དང་གཅིག

  བཟོ་སྐྲུན་གྱི་གྲོན་དངུལ(ཤིང་ཆ་ཕུད)ཁྱོན་བསྡོམས་མི་དམངས་ཤོག་སྒོར××××སྤྲོད་རྒྱུར་གྲོས་ཐག་བཅད་པ་དང༌། ལས་འགོ་མ་ཚུགས་གོང་ཀ་པས་ཁ་པར་དངུལ་སྒོར××××སྔོན་ལ་སྤྲོད་རྒྱུ་དང༌། དེ་བྱིངས་ལས་མཇུག་ཞིབ་བཤེར་རྩིས་ལེན་ཚར་རྗེས་སྤྲོད་རྒྱུ་དང་གཉིས།

  བཟོ་སྐྲུན་ལ་མཁོ་བའི་ཤིང་ཆ་རྣམས་ཀ་པས་དུས་ཐོག་ཏུ་དགོས་མཁོར་གཞིགས་ཏེ་མཁོ་སྤྲོད་བྱ་རྒྱུ་དང༌། དེ་མིན་རྒྱུ་ཆ་རྣམས་ཁ་པས་འགན་ལེན་བྱ་རྒྱུ་དང་གསུམ།

  ཟླ××ཚེས××ཉིན་ལས་འགོ་བཙུགས་ཏེ་ཟླ××ཚེས××ཉིན་ལས་མཇུག་བསྒྲིལ་བ་བྱ་རྒྱུ་དང་འབྲེལ་ཁ་པས་སྤུད་ཚད་འགན་ལེན་བྱས་ཏེ་དུས་ཐོག་ཏུ་རྩིས་སྤྲོད་བྱེད་དགོས་པ་ལས་དམིགས་བསལ་གནས་ཚུལ་མེད་པར་དོན་མེད་ནར་འགྱངས་མི་ཆོག་པ་དང་བཞི།

  ཕྱོགས་གཅིག་གིས་རྒྱུ་མཚན་མེད་པར་གན་རྒྱ་ལས་འགལ་ནས་ཕྱོགས་གཅིག་ལ་གྱོང་གུན་བཟོས་ཚེ་བབ་བསྟུན་གྱིས་གུན་གསབ་བྱ་རྒྱུ་དང་ལྔ།

  གན་རྒྱ་འདི་ཉིད་འདྲ་གསུམ་བཞག་ནས་ཕན་ཚུན་གཉིས་ཀས་རེ་རེ་ཉར་ཚགས་བྱ་རྒྱུ་དང༌། འབྲེལ་ཡོད་སྡེ་ཚན་ལ་རྗེས་ཞིབ་གནང་རྒྱུར་འབུལ་རྒྱུ་དང་དྲུག་བཅས་སོ།

གན་རྒྱ་འཇོག་མཁན།

ག་གེ་མོ་ཕྱུགས་ལས་རུ་ཁག(ཐམ་ཀ)

འཐུས་མི། (མིང)

ག་གེ་མོ་བཟོ་སྐྲུན་རུ་ཁག(ཐམ་ཀ)

འཐུས་མི།(མིང)

××××ལོའི་ཟླ××ཚེས××ཉིན་བཞག

དཔེ་གཞི༢

ཁང་ཚོང་གན་རྒྱ།

༄༅། །གཞིས་རྩེ་གྲོང་ལྷོ་དོན་གཅོད་ཁྲུའི་ག་གེ་མོ་ཨུ་ཡོན་ལྷན་ཁང་གི་སྒོ་རྟགས×ནང་བཞུགས་མ་ཁང་ལྷག་དོན་ལགས་ནས་ཁང་པ་ཉོས་པའི་ཆེད་དུ་གན་རྒྱ་འདྲ་གཉིས་སུ་བཞག་དོན།

  ཁང་ཚོང་ལྷག་དོན་ལགས་ཀྱི་གཟིམ་ཤག་ཁོངས་ནས་འཁྲོལ་འཁྱིལ་ཤར་རྒྱུད་ཀྱི་ཐོག་བརྩེགས་གཉིས་པ་སྟེང་འོག་ཆ་ཚང་འགྲོ་ལམ་གཡབ་སྐོར་དང་བཅས་པ་རང་མོས་ཀྱིས་སྤུས་ཚོང་བྱ་རྩིས་འདི་བཞིན་ཤིང་བཟོ་ལྷག་ཆུང་གི་བུ་རབ་བརྟན་བཟའ་ཚང་ཁྱིམ་འཛིན་བྱ་རྒྱུར་དགོས་གལ་ལ་བརྟེན་སྤུས་ཉོས་ཞུས་པར་གཉིས་ཀས་འདོད་བློ་དྲང་བཞག་གིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང༌། བཀའ་ཁྲིམས་ཁུངས་འཕེར་ཐུབ་ངེས་ཞིབ་མོལ་ལེགས་པར་བྱས་ཐོག་ཁང་རིན་སྒོར་ལྔ་སྟོང་ཐམ་པ་བྱས་ནས་གཉིས་གུན་མི་ཆགས་པའི་གྲོས་དན་གཙང་མར་ཆོད་པ་དེ་དོན་ཁང་པ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་དབུ་ཁྲིད་ལ་འགྲིག་མིན་གྱི་སྙན་གསོལ་ཞུས་རྗེས་བཀའ་འཁྲོལ་བྱུང་དོན་བཞིན་གཉིས་མོས་ཀྱིས××××ལོའི་ཟླ××ཚེས××ཉིན་གོང་གསལ་ཁང་རིན་གྲངས་ཚང་ཆད་མེད་སྤྲོད་ལེན་གཙང་དག་ཟིན་པས་ད་ནས་བཟུང་གོང་འཁོད་ཁང་ཁོངས་འཛིན་ཚོང་ཇི་བྱེད་བདག་དབང་ཡོངས་རྫོགས་རབ་བརྟན་བཟའ་ཚོས་བྱ་རྒྱུ་ལས་ལྷག་དོན་ཁྱིམ་རྒྱུད་ཀྱིས་སྔར་ཡིན་ད་མིན། དོན་མེད་གླེང་སློབ་གསར་སྤྲོས་བརྙེས་གཙེར་སྦྲང་སྐད་ཙམ་ཡང་མི་བྱེད་པ་དང༌། རབ་བརྟན་ཁྱིམ་རྒྱུད་ནས་ཀྱང་རང་ཁོངས་ཀྱི་ཁང་པའི་འཁྲི་བྱ་ཇི་ཡོད་གཙང་སེལ་དགོས་པ་ལས་ང་མིན་ཁོ་ཡིན་དེ་དུས་དེ་མིན་སོགས་གླེང་བ་དང༌། སྒོ་ར་སྟེང་འོག་མུ་སྦྲེལ་ད་མུས་ལས་ཁ་གཡར་མུག་ཟོས་རིགས་སུ་ཐད་ནས་མི་བྱེད་པ་བཅས་གཉིས་མོས་ཆོད་དོན་འདི་ལས་ནམ་ཡང་མི་འགལ་བ་ཞུ་ཞུས།

ཁང་ཚོང་བཟའ་ཕ་ལྷག་དོན་གྱི་རྟགས།

ཁང་ཚོང་ཕྱོགས་ཀྱི་བར་དཔང་བསོད་ནམས་ཀྱི་རྟགས།

ཁང་པ་ཉོ་མཁན་བུ་རབ་བརྟན་གྱི་རྟགས།

ཉོ་མཁན་ཕྱོགས་ཀྱི་བར་དཔང་ཉི་མ་བཀྲ་ཤིས་ཀྱི་རྟགས།

××××ལོའི་ཟླ××ཚེས××ལ།

དེ་སྔོན་གྱི་གན་རྒྱ་འབྲི་སྟངས།

༄༅། །ཁྲིམས་ཁུངས་ནས་བཞེས་སྲོལ་ཡོད་པ་མ་ཟད། ཁྲིམས་སར་དངོས་བརྒྱུད་མི་དགོས་པར་མི་སྒེར་རམ་ཚོགས་པ་སུ་ཞིག་གིས་བློ་མཉམ་གྲོས་མཐུན་གྱི་རྩ་འཛིན་བྱེད་སྒོའི་སྤང་བླང་མི་འགྱུར་བའི་གཞི་འཛིན་ས་ཁྲིམས་དང་མཐུན་པ་ཞིག་དང༌། ཁྲིམས་ཁུངས་ནས་གན་རྒྱ་བཞེས་ན་འགོ་གཤམ་བརྗོད་བྱ་གཤམ་གསལ་གཅིག་མཚུངས་ཐོག་ཉམས་ལེན་བྱེད་སྒོ་འཐུས་ཚང་ཞུ་རྒྱུའི་ཁས་ལེན་གྱི་ངོ་བོ་གསལ་སྟོན་དགོས་པ་ཞིག་རེད།

དཔེ་གཞི །

༄༅། །ས་སྦྲུལ་བོད་ཟླ××ཚེས××ལ། ལུགས་གཉིས༧གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ།

  ཞུ་བ། བདག་མིང་རྟགས་འཁོད་གཤམ་གསལ་དོ་ཁག་ནས་བློས་བླངས་འགྱུར་མེད་ཀྱི་གན་རྒྱ་གཙང་འབུལ་ཞུ་སྙིང༌། དོན་རྩ། ཕྲན་ལྷ་སྡོད་ཚོང་པ་བསོད་ནམས་ནོར་བུར་ཚོང་སྣོན་མ་རྩ་དགོས་གལ་དུ་དཔལ་རབ་ཁང་གསར་ནང་བཞུགས་ཇོ་ལགས་དཔལ་འབྱོར་ལགས་ཀྱི་ཕྱག་ནས་ཤོག་དངུལ་སྒོར་ལྔ་སྟོང་ཐམ་པ་གཡར་ཞུས་དོན་སྨིན་བཀའ་དྲིན་ཆེ་བྱུང་བའི་དངུལ་སྒོར་བརྒྱ་རེར་ཟླ་སྐྱེད་སྒོར××རེ་རྩིས་འབབ་ངོ་སྐྱེད་གྲངས་ཚང་ལོ་འཁོར་མཚམས་བཀའ་དྲིན་སྙིང་བཅངས་ཀྱིས་རྩིས་དག་གཙང་མ་ཞུ་ཞུས་འདི་དོན་ལས་ནམ་ཡང་མི་འགལ་ཞིང༌། ཅི་སྟེ་གོང་དོན་འགལ་གཞིའི་དུས་འགྱངས་སོགས་ཀ་ཀོར་ཕྲ་མོ་ཙམ་ཞུས་པ་སྲིད་ཚེ་ཁྲིམས་ཞབས་སུ་འབའ་ཉེས་ཤོག་སྒོར××སྒྲུབ་འབུལ་ཐོག་གོང་དངུལ་མ་སྐྱེད་གྲངས་ཚད་འདི་ཐོག་ནས་དེ་འཕྲལ་གཙང་འབུལ་ཞུ་ཞུས།

དོ་བདག་གོང་མིང་ངོ་མའི་རྟགས།

གཡར་པོ་ཞུ་མཁན་གོང་མིང་ངོ་མའི་རྟགས།

ཁག་ཐེག་འགན་ལེན་ཤིང་བཟོ་ཕུར་བུ་ཚེ་རིང་གི་རྟགས།

《རྒྱུན་སྤྱོད་ཡིག་རིགས》ལས།