འདུམ་ཤོག

༄༅། །འདུམ་ཤོག་ནི་གནད་དོན་གང་རུང་ཞིག་ལ་དོ་བདག་ཕྱོགས་གཉིས་འཆམ་མཐུན་མ་བྱུང་བ་ཐག་གཅོད་བྱེད་ཕྱིར་ཁྲིམས་གཏུགས་བྱེད་མུས་སུ་དོ་བདག་ཕྱོགས་སོ་སོར་འབྲེལ་ཡོད་བློ་དཀར་ཞིག་གིས་ནང་འགྲིགས་ཡོང་ཐབས་ཕྱོགས་སོ་སོར་གོ་བསྐོན་གསེས་བཀྲོལ་བྱས་པ་བཞིན་ཉན་སེམས་ཡོང་རེའི་རྣམ་འགྱུར་བྱུང་མཚམས་བར་འདུམ་བྱེད་པོས་ནང་འགྲིག་ཞུས་ཆོག་པ་ཁྲིམས་སར་སྙན་ཞུས་བཀའ་འཁྲོལ་ཐོབ་རྗེས་ཕན་ཚུན་ཚང་མའི་གནས་ལུགས་ཞིབ་ཉན་གྱིས་ཐག་གཅོད་བྱེད་པའི་འདུམ་ཤོག་འདྲ་གཉིས་བཏང་བར་དོ་བདག་གཉིས་ཕྱོགས་ནས་བློ་མོས་བྱུང་ཚེ་འདུམ་ཤོག་གི་གཤམ་དུ་ཆོད་ཡིག་བཀོད་ན་ཁྲིམས་ཁུངས་ནས་གཅོད་རྒྱ་བཏང་བ་དང་འདྲ་བའི་རྩ་འཛིན་གྱི་ནུས་པ་ཐོན་ཐུབ་པ་དང༌། དོ་བདག་ཕྱོགས་གཅིག་གིས་འདུམ་ཤོག་ལ་མ་མོས་ཚེ་ཆོད་ཡིག་འགོད་ཐབས་མེད་པས་འདུམ་ཤོག་ནུས་མེད་དུ་གྱུར་གཤིས་སླར་ཡང་ཁྲིམས་གཏུགས་མུ་མཐུད་བྱས་ཏེ་ཐག་གཅོད་ཡོང་བ་བྱ་རྒྱུ་ཞིག་རེད།

དཔེ་གཞི།

འདུམ་ཤོག་དང་ཆོད་ཡིག

༄༅། །ཕ་བསམ་གྲུབ་ལགས་ཁྱིམ་ཚང་ཕྱོགས་གཅིག་དང༌། སྤུན་མཆེད་མ་གཡུ་སྒྲོན་ལགས་ཁྱིམ་ཚང་ཕྱོགས་གཅིག་སོ་སོར་འདུམ་ཤོག་འདྲ་གཉིས་སུ་ཕུལ་དོན། དོན་རྩ། གཞིས་རྩེ་གྲོང་ཁྱེར་གྲོང་བྱང་དོན་གཅོད་ཁང་ཆེ་གེ་མོ་ཨུ་ཡོན་ལྷན་ཁང་ག་གེ་མོ་སྒོ་རའི་ཕ་བསམ་གྲུབ་ཁྱིམ་ཚང་དང༌། མ་གཡུ་སྒྲོན་ཁྱིམ་ཚང་ཕ་མ་རྒྱུད་བཅས་གཉེན་ཚན་བཀྲུས་ནས་མ་དག་པ་མཉམ་གཤིབ་ལོ་ཡུན་རིང་པོ་དེ་འདྲའི་རིང་ད་བར་གཉེན་བཤེས་མཛའ་གཅུགས་ཀྱི་འདུ་ཤེས་མ་བོར་བར་གཅིག་ཕན་གཅིག་གྲོགས་མི་སྨོན་རང་སྐྱིད་ཀྱི་མིག་ལྟོས་བཟང་པོ་ཡོད་ཀྱང༌། ཉེ་ཆར་ཨ་མ་གཡུ་སྒྲོན་ཁྱིམ་ཚང་གིས་སྒོ་རའི་ཕྱིའི་ས་སྟོང་ཕྲན་བུ་དེར་གསང་སྤྱོད་གསར་རྒྱག་བྱས་པས་ཕ་བསམ་གྲུབ་ཁྱིམ་ཚང་གི་འགྲོ་ལམ་གུ་དོག་ཏུ་གྱུར་པ་མ་ཟད། སྒོ་ཕྱུགས་ཉི་སྲོས་ཀྱི་གནས་ས་གཏན་མེད་དུ་སོང་བར་རྩོད་གླེང་ཕྲན་བུ་བྱུང་བ་དང༌། ཡང་ཕ་བསམ་གྲུབ་ལགས་ཀྱིས་ཐོག་ཀའི་སྤེན་བད་ཆུ་སྐྱོར་བསྣོན་བརྩེགས་ཀྱིས་ཨ་མ་གཡུ་སྒྲོན་ལགས་ཀྱི་གཡབ་ཀའི་ཉི་མར་གྲིབ་འགེབས་ཆེད་མངགས་བཟོས་ཏེ་གཉེན་བཤེས་ཁྱིམ་མཚེས་ཀྱི་མཛའ་མཐུན་ལས་ལྡོག་སྟེ་གཅིག་ངན་གཅིག་སྐྱག་ཕན་ཚུན་ཁ་རྩོད་དང༌། ད་དུང་དགའ་མིན་ཞེ་འཛིན་གྱིས་ཕན་ཚུན་མཚང་འབྲུ་སྐྱོན་གླེང་ཁོ་ན་བྱས་མཐར་ད་ཆ་གཉེན་ཉེའི་རྩེ་དུང་དང་འཇིག་རྟེན་མི་ཆོས་ཀྱི་ངོ་ཚ་ཁྲེལ་གཞུང་རྣམས་ཀྱང་རལ་བོར་གྱི་མིག་ལྟོས་ངན་པ་གཞན་གྱིས་འཕྱ་གནས་མ་ཟད། རྒྱལ་ཁབ་ཀྱི་བཀའ་ཁྲིམས་སུ་གྱར་ན་གཉེན་ཚན་ཞུ་བཤེར་གྱི་བབས་ལ་གཞིགས་པའི་འགལ་ཉེས་བསྒྲུབ་རྒྱུ་སོགས་བཀའ་ཁྲིམས་འཇིགས་ཟིལ་ལ་བསམ་གཞིགས་ཀྱིས་ཚུལ་ལྡན་བྱ་རྒྱུ་ཕར་བཞག་ངོ་ཚའི་སྨད་གོས་གཙང་མར་ཕུད་དེ་བག་མེད་ཀྱི་ལུས་ཕུང་གཅེར་བུར་བཏོན་པའི་གཏམ་དོན་གང་ལའང་བསམ་མེད་ང་བདེན་ང་ཡུས་ཀྱིས་ཁྲིམས་སར་གཏུགས་པ་འདི་ཐད་ཕྲན་ཀུན་དགའ་བཟང་པོས་སེམས་ཀྱིས་མ་བཟོད་པར་ཁོང་སྤུན་ཉེ་ཁྱིམ་མཚེས་ལེགས་ལམ་ཆགས་ཐབས་ཙམ་མ་ཟད། དབང་པོ་ཡར་འཕེལ་ཕྲ་རྒྱས་འཛོམས་པའི་སོ་སོའི་རིགས་མྱུག་གཅེས་པར་འཛིན་པ་འདི་དག་གི་གཏམ་དོན་ལ་་རྒྱར་བསམ་པའི་ལྷག་བསམ་བཟང་པོས་ཀུན་སློང་ཐོག་དོ་བདག་སོ་སོར་གོ་བསྐོན་གསེས་བཀྲོལ་ཉིན་ནས་ཉིན་བསྟུད་བགྱིས་མཐར་ཕན་ཚུན་གཉིས་ཀས་ལེགས་འགྲིག་ཐུབ་རེའི་གོ་ཤེས་ཕྲན་བུ་བྱུང་བར་བརྟེན་ཁྲིམས་གཏུགས་ལས་ཕྱིར་འཐེན་སློང་འབེབས་ཞུས་ཏེ་བར་འདུམ་བྱས་པའི་སྙིང་པོར། གྱོད་རྩ་ཨ་མ་གཡུ་སྒྲོན་ལགས་ཀྱི་འགལ་གཞི་རང་གི་གསང་སྤྱོད་གསར་རྒྱག་བྱེད་དགོས་པ་ཡོད་ཚེ་ཁྱིམ་མཚེས་བར་ལ་མོས་བསྡུར་གྲོས་གླེང་ཙམ་མེད་པར་རང་འཚམས་ཀྱིས་གསང་སྤྱོད་བརྒྱབ་སྟེ་ཁྱིམ་མཚེས་ཀྱི་སྒོ་ཕྱུགས་ཉི་ར་གཏན་བཀག་ཐོག་འགྲོ་ལམ་ལ་ཡང་སེམས་ཁུར་མ་བྱས་པ་དེ་ཕ་བསམ་གྲུབ་ལགས་སུ་ཐུགས་ཁག་གང་ཡང་མི་འདུག་ཀྱང༌། ཕ་བསམ་ལགས་ཀྱིས་རྗེས་ཡོང་སྔོན་དྲན་གྱི་གནས་ལུགས་སྔོན་ཚུད་གསུངས་ཏེ་ཞི་མོལ་འཁྲུལ་སེལ་མ་གནང་བར་ངན་ལན་དེ་འཇལ་སྤེལ་བད་བསྣོན་བརྩེགས་གནང་བས་ཁང་པའི་བཟོ་དབྱིབས་ཙམ་མ་ཟད། རྒྱུན་གཏན་ལྷགས་སྐྱོར་དང༌། ཉི་རེར་ཕན་ངེས་ཡོད་ཀྱང་ཨ་མ་གཡུ་སྒྲོན་ལགས་ཀྱི་གཡབ་སྐོར་ཉི་སྒྲིབ་སྲིབ་མུན་དུ་གྱུར་པའི་གནང་ལུགས་དེ་ཡང་མ་འགྲིགས་པ་བཅས་ཕྱོགས་གཉིས་མི་བདེ་བའི་རྐྱེན་རྩ་དེ་རང་ལ་ཐུག་འདུག་པའི་དོན་རྐྱེན་དེ་ཙམ་ལ་ཚེ་གང་སྤུན་མཆེད་ཀྱི་བརྩེ་དུང་ཆུ་སྐྱུར་དང༌། ཕ་མེས་རྣམས་ཀྱིས་དེ་ལྟ་བུའི་ལོ་རྒྱུན་རིང་པོའི་ནང་མཛའ་མཐུན་ཁྱིམ་མཚེས་ཀྱི་ལ་རྒྱའི་རྒྱུན་བཟང་ཡལ་བར་བོར་དགོས་དོན་མེད་ན་གཉིས་ཀས་འཁོན་སེམས་ཀྱི་དུག་ཆུ་གཙང་མར་བསྐྱུགས་ནས་བརྩེ་དུང་དང་ལ་རྒྱའི་སྨན་མཆོག་གིས་འགྲོགས་སེམས་བཟང་པོའི་ལུས་ཕུང་སླར་སོར་ཆུད་དེ་འཁོན་མེད་སེམས་གསར་པད་མའི་བཞིན་རས་མཛའ་གཅུགས་ཀྱི་འཛུམ་མདངས་སྟོན་ཆེད་ཨ་མ་གཡུ་སྒྲོན་ལགས་ཀྱི་གསང་སྤྱོད་དེ་ཁྱེར་རང་གི་སྒོ་རའི་སྐྱ་འབྲེལ་དུ་སྤོས་ན་གཅིན་ལམ་སྟབས་བདེ་བ་མ་ཟད། ཕ་བསམ་གྲུབ་ལགས་ཀྱིས་ཀྱང་རང་མཁོའི་ཆེད་དུ་ནུབ་རྒྱུད་སྤེན་བད་བསྣོན་བརྩེགས་ཟིན་པ་དེ་རང་འཇགས་བཞག་ཐོག་ཨ་མ་གཡུ་སྒྲོན་ལགས་ཀྱི་གཡབ་ཀའི་ཐད་དྲང་ཤར་རྒྱུད་སྤེན་བད་རྣམས་མི་དགོས་པ་མཛད་ན་རང་གི་དཀར་གསལ་ཉི་རར་ཕན་པ་མ་ཟད། ཁང་པ་ཟོར་ཡང་ལ་གཅོང་ཟོམ་དུ་མ་གྱུར་པ་ཡོང་ངེས་དེ་དོན་མཆེད་གྲོགས་དོ་བདག་གཉིས་ཀས་ལམ་སེང་ཡོ་བསྲང་ལག་བསྟར་བྱུང་ན་བཀྲ་ཤིས་ལོ་ལེགས་འཁོན་མེད་ཉི་མ་སྤྲིན་བྲལ་དུ་འགྱུར་ངེས་སེམས་བཟང་གོ་བསྐོན་ཞུས་པ་འདིར་གཉིས་མོས་ཡོད་ཚེ××××ལོའི་ཟླ××ཚེས××ཚུན་ལ་ཆོད་དོན་འདིར་ཁས་ལེན་ཆོད་ཡིག་མིང་རྟགས་འགོད་གནང་གིས་གོང་དོན་ལྟར་སྤང་བླང་འཕྲལ་དུ་ཡོད་པ་ཞུ་རྒྱུ་དང༌། ཅི་སྟེ་དགོངས་བབས་མ་བྱུང་ཚེ་ཕྲན་ནས་མཐའ་གཅིག་ཏུ་དབུ་ནན་ཞུ་འོས་མ་གྱུར་པས་འདུམ་ཤོག་ཕྲན་ལ་ཕྱིར་སྩོལ་ཐོག་སྔར་མུས་བཞིན་ཁྲིམས་རར་གཏུག་རྒྱུ་སོགས་རང་རང་འདོད་པ་སྒྲུབ་ཕྱོགས་ཇི་དགེ་སོ་སོས་ཐག་གཅོད་གནང་ལུགས་ཡོད་པ་ཞུ་རྒྱུའི་འདུམ་ཤོག་འདྲ་གཉིས་སུ།

བར་འདུམ་བྱེད་པོ་ཀུན་དགའ་བཟང་པོས།

ས་སྦྲུལ་བོད་ཟླ××ཚེས××ལ།

《རྒྱུན་སྤྱོད་ཡིག་རིགས་》ལས།