གཡར་འཛིན།

༄༅། །གཡར་འཛིན་ནི་ཚན་པའམ་མི་སྒེར་གྱི་ས་ནས་གནས་སྐབས་ཤིག་རིང་དངོས་རིགས་ཚུར་གཡར་བ་ཕྱིར་སྤྲོད་བྱ་རྒྱུའི་གཞི་འཛིན་ས་ཞིག་ཡིན། གཡར་འཛིན་འབྲི་སྐབས་ཡིག་སྲོལ་ལ་དོ་སྣང་བྱེད་དགོས་པ་སྟེ།

༡.ཐོག་མར་འཛིན་ཡིག་གི་འགོ་ཐོད་དཀྱིལ་དབུས་སུ“གཡར་འཛིན”ཞེས་འཛིན་ཡིག་གི་རིགས་གྲས་མཚོན་པའི་ཁ་བྱང་བྲི་དགོས།

༢ .གཡར་ཁུངས་ཀྱི་ཚན་པའམ་མི་སྒེར་གང་དང་སུ་ཡི ན་བྲི་དགོས།

༣ .གཡར་པོ་བྱུང་བའི་དངོས་པོའི་མིང་དང༌། ལེགས་ཉེས། ཆེ་ཆུང༌། ཁ་གྲངས་སོགས་ཞིབ་ཚགས་བྲི་དགོས།

༤.ཚན་པའམ་རང་མིང་དང༌། ལོ་ཟླ་ཚེས་གྲངས་བཅས་ཁ་གསལ་བྲིས་ཐོག་ཚན་པའམ་མི་སྒེར་གྱི་རྟགས་ཐམ་རྒྱག་དགོས།

དཔེ་གཞི༡

གཡར་འཛིན།

༄༅། །བདེ་སྐྱིད་ཤང་ནས་གུར་གསར་པ་གསུམ་དང༌། རྩྭ་རས་བཅོ་ལྔ(དེའི་ནང་རྙིང་པ་བདུན)ཉིན་བདུན་རིང་གཡར་སོན་བྱུང་བ་དུས་ཐོག་ཏུ་ཉམས་མེད་གྲངས་ཚང་འདི་ཐོག་ནས་རྩིས་འབུལ་ཞུ་འཛིན་དུ།

སྐྱིད་ཁང་ཕྱུགས་རྫི་བ་རྟ་མགྲིན་གྱིས།

××××ལོའི་ཟླ××ཚེས×× ལ།

(ཐམ་ཀ)

དཔེ་གཞི༢

གཡར་འཛིན།

༄༅། །ལྷ་ས་སློབ་འབྲིང་དང་པོ་ནས་དམའ་རིམ་སློབ་འབྲིང་གི་བོད་ཡིག་སློབ་དེབ་ལྔ་པ་དང་དྲུག་པ་སོ་སོ་ནས་དེབ་གྲངས་བརྒྱ་རེ་གཡར་པོ་བྱུང་འཛིན་དུ། ལྷ་ས་སློབ་འབྲིང་གཉིས་པའི་དགེ་མིང་དབང་རྒྱལ་གྱིས།

××××ལོའི་ཟླ××ཚེས××ལ།

(ཐམ་ཀ)

《རྒྱུན་སྤྱོད་ཡིག་རིགས》ལས།