ཆོད་ཡིག

༄༅། །ཆོད་ཡིག་ཅེས་པ་ནི་གྱོད་དོན་ཁྲིམས་གཏུགས་བྱས་པའི་དཔྱད་ཁྲའམ་ཡང་ན་བར་མིས་འདུམ་འགྲིག་བྱས་པའི་འདུམ་ཤོག་ལ་དོ་བདག་གཉིས་ཕྱོགས་ནས་བློ་མོས་བྱུང་ཚེ་དེར་བརྩི་བཀུར་ཞུ་བའི་མཚོན་རྟགས་གཞི་འཛིན་ས་ཡིན་ཞིང༌། དེ་དཔྱད་ཁྲའམ་འདུམ་ཤོག་བཏང་ཚེས་ཀྱི་གཤམ་འོག་ནས་འགོ་བཙུགས་ཏེ་ཡིག་དཀྱུས་ལྟར་ཐད་བྲིས་བྱེད་སྲོལ་ཡོད།

དཔེ་གཞི།

༄༅། །གོང་དུ་གསལ་འཁོད་ལྟར། དོ་བདག་བསམ་གྲུབ་ཁྱིམ་ཚང་དང༌། གཡུ་སྒྲོན་ཁྱིམ་ཚང་གཉིས་ཕ་སྤུན་ཁྱིམ་མཚེས་འགྲོགས་ལམ་བཟང་པོར་གནོད་པའི་གསང་སྤྱོད་གསར་བརྒྱབ་ཀྱི་དོན་རྩའི་སྐོར་ནས་རྙོག་ལང་རྩོད་གྱར་ལ་བརྟེན་གྲོགས་མཆེད་ཀུན་དགའ་བཟང་པོ་ལགས་ནས་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་ཐུགས་བསམ་བཟང་པོས་ཕྲན་དོ་བདག་སོ་སོར་ལེགས་ཆའི་སློབ་སྟོན་དང་གསེས་བཀྲོལ་སྟོན་གནང་གི་འདུམ་ཤོག་འདྲ་གཉིས་བསྩལ་སོན་བྱུང་བ་འདི་ལ་བསམ་གཞིགས་ནན་ཞུས་ལ་ཕན་ཚུན་ཚང་མར་འཕྲལ་ཕུགས་སྨན་ངེས་ཕ་སྤུན་སྔོ་ལོ་ལངས་འཕྱར་མི་དགོས་པའི་དགོངས་བཞེས་འདི་ལྷག་མཛད་ཐབས་མི་འདུག་པས་སྙིང་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང་འབྲེལ་འདུམ་ཤོག་འབྲུ་དོན་ལ་རང་དོན་རང་གཅེས་ཀྱིས་ཁས་ལེན་ཡི་རང་གཙང་མ་ཞུས་ཟིན་པས་འཕྲལ་འཕྲལ་སྤང་བླང་དོན་འཁྱོལ་ཐུབ་པ་ཞུ་རྒྱུ་ལས་སླད་ཁ་གཅིག་ལྕེ་གཉིས་དྲན་གཏམ་གསར་སྐྱེས་ཕྲ་མོ་ཙམ་ཞུས་པ་ཤར་ཚེ་ཁྲིམས་ཞབས་སུ་འབའ་ཉེས་བླ་དཔོན་བཀའ་ཇི་བསྩལ་གཙང་སྒྲུབ་ཐོག་ཆོད་ཡིག་འདི་དོན་ལས་མི་འགལ་བའི་སོར་གནས་ཞུ་ཞུས།

དོ་བདག་བསམ་གྲུབ་ཁྱིམ་ཚང་གི་རྟགས།

ཁག་ཐེག××གི་རྟགས།

དོ་བདག་གཡུ་སྒྲོན་ཁྱིམ་ཚང་གི་རྟགས།

ཁག་ཐེག××××གི་རྟགས།

བར་འདུམ་བྱེད་པོ་ཀུན་དགའ་བཟང་པོའི་རྟགས།

《རྒྱུན་སྤྱོད་ཡིག་རིགས》ལས།