མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ནི་ཕྱོགས་བསྡུས་རྒྱལ་སྟོབས་ཀྱི་ཚད་འཇལ་མཚོན་རྟགས་གལ་ཆེན་ཞིག་ཡིན་ཟེར་དོན་ཅི།

   མི་རིགས་གོང་བུར་འགྲིལ་ཤུགས་དང་དཔལ་འབྱོར་སྟོབས་ཤུགས། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས་སོགས་ཀྱིས་ཕྱོགས་བསྡུས་རྒྱལ་ཤུགས་གྲུབ་པ་རེད། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས་སོགས་ནི་གཟུགས་ཅན་དངོས་ཤུགས་ཀྱི་ཁོངས་སུ་གཏོགས་པ་དང་། མི་རིགས་གོང་བུར་འགྲིལ་ཤུགས་ནི་མངོན་མེད་སྟོབས་ཤུགས་ཀྱི་ཁོངས་སུ་གཏོགས་ཤིང་། ཕྱོགས་བསྡུས་རྒྱལ་ཤུགས་འགྲུབ་བྱེད་ཀྱི་བླ་སྲོག་ལྟ་བུ་ཡིན། དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། རྒྱལ་སྲུང་སྟོབས་ཤུགས་བཅས་ལེགས་པོ་ཡོད་རུང་། གལ་ཏེ་མི་རིགས་གོང་བུར་འགྲིལ་ཤུགས་ཀྱིས་གཅིག་ཏུ་མ་སྦྲེལ་ན། མཐར་ཐུག་སྟོབས་ཤུགས་གཅིག་སྒྲིལ་དུ་འགྱུར་མི་ཐུབ་ལ། རྒྱལ་ཁབ་ཀྱི་ནུས་ཤུགས་སྟོབས་ལྡན་དུ་འགྱུར་མི་ཐུབ། དེང་སྐབས་འཛམ་གླིང་དུ་ཕྱོགས་བསྡུས་རྒྱལ་ཤུགས་ཀྱི་འགྲན་རྩོད་ནི་ཉིན་བཞིན་ཛ་དྲག་ཏུ་འགྱུར་བཞིན་ཡོད་ལ། མི་རིགས་གོང་བུར་འགྲིལ་ཤུགས་ནི་རྒྱལ་ཁབ་ཅིག་གི་ཕྱོགས་བསྡུས་རྒྱལ་ཤུགས་འཇལ་བྱེད་ཀྱི་ཚད་གཞི་གལ་ཆེན་དུ་གྱུར་ཡོད།

  མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་སྟོབས་དང་ལྡན་པའི་གོང་བུར་འགྲིལ་ཤུགས་མེད་ན་བྱེ་ཕུང་ནང་བཞིན་ཁ་འཐོར་དགུ་འཐོར་དུ་གྱུར་ཅིང་། རང་ཉིད་འཛམ་གླིང་མི་རིགས་ཀྱི་གྲས་སུ་རང་ཚུགས་ཀྱིས་འགྲེང་མི་ཐུབ། གོང་བུ་གཅིག་ཏུ་འགྲིལ་བའི་མི་རིགས་ནི་ད་གཟོད་སྟོབས་དང་ལྡན་པའི་མི་རིགས་ཡིན་ལ། མཐུན་སྒྲིལ་གཅིག་གྱུར་གྱི་རྒྱལ་ཁབ་ལ་ད་གཟོད་སྟོབས་དང་ལྡན་པའི་ཕྱོགས་བསྡུས་རྒྱལ་ཤུགས་ཡོད་སྲིད། ཀྲུང་ཧྭ་མི་རིགས་རྒྱུན་མ་ཉམས་པར་མི་རབས་ནས་མི་རབས་བར་འཕེལ་རྒྱས་བྱུང་བ་དེའི་རྟེན་ས་ནི་སྟོབས་དང་ལྡན་པའི་མི་རིགས་གོང་བུར་འགྲིལ་ཤུགས་ཡིན་ལ། ཕྱི་ཕྱོགས་ཀྱི་བཙན་འཛུལ་ལ་འགོག་རྒོལ་བྱས་ཏེ། རང་བཙན་དང་བཅིངས་འགྲོལ་ཐོབ་པ་དེའི་རྟེན་ས་ཡང་སྟོབས་དང་ལྡན་པའི་མི་རིགས་གོང་བུར་འགྲིལ་ཤུགས་ཡིན། དབུལ་ཕོངས་དང་རྗེས་ལུས་ཀྱི་རྣམ་པ་ལས་ལས་ཐར་ཏེ། རང་ཉིད་མགྱོགས་པོར་འཕེལ་རྒྱས་བཏང་སྟེ། དར་རྒྱས་གོང་འཕེལ་གྱི་ཕྱོགས་སུ་བསྐྱོད་དགོས་ན་ཡང་སྟོབས་དང་ལྡན་པའི་མི་རིགས་གོང་བུར་འགྲིལ་ཤུགས་ལ་བརྟེན་དགོས།

  མི་རིགས་གོང་བུར་འགྲིལ་ཤུགས་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་། སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་ཆེ་བོ་ཡིན། ང་ཚོའི་རླབས་ཆེ་བའི་མེས་རྒྱལ་ལ་མི་རིགས་56དང་། མི་གྲངས་དུང་ཕྱུར་13ཡོད། མི་རིགས་དང་། ཁྲག་རྒྱུད། སྐད་རིགས། ས་ཁོངས་སོགས་ཀྱི་ཁྱད་པར་ལས་བརྒལ་ཞིང་། རིམ་གྲས་དང་། ལས་རིགས། ཁེ་ཕན་སོགས་ཀྱི་ཁྱད་པར་ལས་བརྒལ་ཏེ། མི་རིགས་འཆམ་མཐུན་གྱི་བསམ་པའི་སྦྲེལ་ཐག་བརྟན་པོར་ཆགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོར་ཕྱོགས་པའི་སེམས་ཤུགས་དང་ཁོངས་སུ་གཏོགས་པའི་འདུ་ཤེས་ཤུགས་དྲག་ཏུ་གྱུར་ན་ད་གཟོད་མི་རིགས་ཁག་གི་མི་དམངས་ཀྱི་བསམ་སྤྱོད་གཅིག་གྱུར་ཡོང་ཐུབ་པ་དང་། བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་སྡུད་ཅིང་། མི་རིགས་ཁག་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། སྐྱིད་སྡུག་མཉམ་མྱོང་བྱེད་པའི་འབྲེལ་བ་དམ་ཟབ་སྔར་བས་སྲ་བརྟན་ཡོང་ལ། བརྟན་ལྷིང་མཐུན་སྒྲིལ། དར་རྒྱས་གོང་འཕེལ་འགྲོ་བའི་རྣམ་པ་ཡག་པོ་ཡོང་ཕྱིན། ད་གཟོད་འགན་ལེན་ནུས་ལྡན་བྱེད་ཐུབ།

  མི་རིགས་གོང་བུར་འགྲིལ་ཤུགས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་གྱུར་ཡོང་བའི་ནུས་སྟོབས་ཆེན་པོ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་བྱ་གཞག་ཡིན་པས། མི་རིགས་ཁག་གི་མི་དམངས་རྣམས་བློ་གཅིག་སེམས་གཅིག་དང་། མཐུན་སྒྲིལ་འབད་བརྩོན་བྱས་ཏེ་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་སྐུལ་སྤེལ་དང་། ཞུམ་མེད་མདུན་སྐྱོད་དང་གསར་གཏོད་འབད་འབུངས་བྱེད་པའི་མི་རིགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱས་ན། ད་གཟོད་བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་བྱ་གཞག་རྒྱལ་ཁའི་ངང་མདུན་བསྐྱོད་ཀྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་པ་ཟམ་མི་ཆད་པར་བརྩོན་ལེན་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་མངོན་འགྱུར་ཡོང་ཐུབ།

  མི་རིགས་གོང་བུར་འགྲིལ་ཤུགས་ནི་མདུན་སྐྱོད་བགྲོད་ལམ་སྟེང་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྒྱལ་བའི་སྟོབས་ཤུགས་ཆེན་པོ་ཡིན་ལ། ཇི་འདྲའི་དཀའ་ཁག་གི་དུས་དང་། ཇི་འདྲའི་འགྲན་སློང་གི་མདུན་དུ་མི་རིགས་གོང་བུར་འགྲིལ་ཤུགས་ཀྱིས་རང་གི་ཐུན་མིན་གྱི་ནུས་པ་མངོན་འོང་། ཉེ་བའི་ལོ་ཤས་རིང་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་མི་བརྒྱ་སེམས་གཅིག་དང་ཕྱར་བ་གྲུ་འདེགས་སྒོས་ཆུ་འགོག་ཉེན་སྐྱོབ། ས་སི་གློ་ཚད། གངས་འཁྱགས་ཀྱི་གནོད་འཚེར་འགོག་སྲུང་དང་། ཡོམ་འགོག་གེགས་སེལ་སོགས་གལ་ཆེའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པས་གསོན་ཉམས་ལྡན་པའི་སྒོ་ནས་རླབས་ཆེ་བའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་མངོན་མཚོན་བྱས་ཡོད་ཅིང་། སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོའི་གཞོམ་གཞིག་བྲལ་བའི་རླབས་ཆེན་གྱི་སྟོབས་ཤུགས་ཀྱང་གསལ་སྟོན་བྱས་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་ནི་གེགས་མེད་བདེ་བགྲོད་ཡིན་མི་སྲིད་དེ། ད་དུང་ཡང་སྔོན་དཔག་ཐུབ་མི་ཐུབ་གང་རུང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་འཕྲད་སྲིད་པས། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་ལྟེ་བར་གྱུར་བའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ཤུགས་ཆེན་དང་། ཟམ་མི་ཆད་པར་ཀྲུང་ཧྭ་མི་རིགས་ཀྱི་གོང་བུར་འགྲིལ་ཤུགས་ཆེ་རུ་གཏོང་དགོས།

ལོ་ཙཱ་བ། རྟ་མགྲིན་དཔལ།