དམངས་དོན་གཏུག་ཡིག་འབྲི་ཚུལ།

  དམངས་དོན་གཏུག་བཤེར་བཅའ་ཁྲིམས་ཀྱི་དོན་ཚན་གྱ་གཉིས་པར། གྱོད་པས་གྱོད་གཏུག་བྱེད་དུས་མི་དམངས་ཁྲིམས་ཁང་ལ་གཏུག་ཡིག་འབུལ་དགོས་པར་མ་ཟད། གྱོད་ཡའི་མི་གྲངས་ལྟར་གཏུག་ཡིག་བཤུས་མའང་ཕུལ་ཏེ་ཁྲིམས་ཁང་གིས་ཕ་ཀིའི་གྱོད་ཡ་ལ་སྤྲོད་དགོས། གཏུག་ཡིག་ནང་དོན་དངོས་ལ་བརྩི་འཇོག་དང་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་དགོས།

  གཏུག་ཡིག་ནང་གསལ་བོར་འབྲི་དགོས་པ་དག་ནི།

  གཅིག གྱོད་པ་དང་གྱོད་ཡའི་རུས་མིང་དང་ཕོ་མོ། ལོ་གྲངས། མི་རིགས། ལས་ཀ་བྱེད་སའི་ལས་ཁུངས་དང་སྡོད་ཡུལ་དག་འབྲི་དགོས་ཤིང་། གྱོད་པའམ་གྱོད་ཡ་ནི་ལས་ཁུངས་ཡིན་ན་དེའི་མིང་དང་གོ་གནས་སོགས་གསལ་བོར་འབྲི་དགོས།

  གཉིས། གཏུག་བཤེར་གྱི་རེ་ཞུ་སྟེ་གཏུག་བཤེར་གྱི་དམིགས་ཡུལ་ཅི་ཞིག་ཡིན་པ་དང་། ཁྲིམས་ཁང་ལ་ཁྱོད་ཀྱི་ཁེ་དབང་གང་སྲུང་དགོས་པའི་རེ་བ་གསལ་བོར་ཞུ་དགོས།

  གསུམ། གཏུག་བཤེར་གྱི་རྒྱུ་མཚན་དང་གཞི་འཛིན་ས། གཏུག་ཡིག་ནང་དུ་རྩོད་གླེང་བྱུང་བའི་དོན་དངོས་དང་དེའི་བརྒྱུད་རིམ་གྱི་གནས་ཚུལ། ཕྱོགས་གཉིས་ཀྱི་རྩོད་གཞི་ཅི་ཞིག་ཡིན་པ་དང་བདེན་དཔང་ཅི་ཞིག་ཡོད་པ་རྣམས་གསལ་བོར་འབྲི་དགོས།

  བཞི། ཁྲིམས་ཁང་ལ་སྤྲོད་པའི་གཏུག་ཡིག་སྟེང་དུ་གཏུག་ཡུལ་ཁྲིམས་ཁང་གི་མིང་དང་གཏུག་མཁན་གྱི་མིང་འགོད་པའམ་ཐེལ་རྒྱག་པ། ཤུར་བཀོད་ཡིག་ཆའི་གྲངས་ཀ ལོ་ཟླ་ཚེས་གྲངས་བཅས་གསལ་བོར་འབྲི་དགོས། གལ་ཏེ་གྱོད་པ་རང་གིས་གཏུག་ཡིག་འབྲི་རྒྱུར་དཀའ་ངལ་ཡོད་ན་ཁྲིམས་རྩོད་པས་འབྲི་རོགས་བྱས་ཆོག་ལ། ངག་ཐོག་ནས་མི་དམངས་ཁྲིམས་ཁང་ལ་གཏུག་ཀྱང་ཆོག ཁྲིམས་ཁང་གི་བླང་བྱ་ལྟར་གཏན་འབེབས་ཀྱི་དུས་བཅད་ནང་དུ་ཁྲིམས་ཁང་ལ་གཏུག་ལན་འདེབས་དགོས།

  བཅའ་ཁྲིམས་ཤེས་བྱ་གཉིས་པ།

  དམངས་དོན་གཏུག་ལན་ཡིག་གེ་ཇི་ལྟར་འབྲི་དགོས།

  གཏུག་ལན་འདེབས་ཡིག་ཅེས་པ་ནི་གྱོད་པས་གྱོད་གཞི་གཏུག་པའི་རྒྱུ་མཚན་དང་གཞི་འཛིན་ས་དག་གི་ཐད་ལ་གྱོད་ཡས་ལན་འདེབས་པ་དང་དག་གསལ་བྱེད་པའི་ཡིག་ལན་ལ་གོ་དགོས། གྱོད་ཡས་རང་གི་དམངས་དོན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཕྱིར་གྱོད་པ་ལ་གཏུག་ལན་བཏབ་ཆོག་ལ། གྱོད་ཡས་གཏུག་ལན་འདེབས་སྐབས་ཞུ་གཏུག་བྱས་ཡོད་པའི་གྱོད་དོན་ཚང་མའམ་སྐོར་ཞིག་ཁས་བླངས་ཆོག་པ་དང་། ཡང་ན་དོན་དངོས་གཞིར་བཟུང་སྟེ་བདེན་དཔང་བཏོན་ནས་རང་ལ་ཁུངས་ལུང་ཡོད་པ་དང་ཕ་རོལ་པོར་ཁུངས་ལུང་མེད་པའི་དགག་ལན་སྤྲད་ཆོག་ལ། གྱོད་པར་གཏུག་ཡིག་བྲིས་ཀྱང་ཆོག

  གཏུག་ལན་འདེབས་ཡིག་ནང་དུ་འབྲི་དགོས་པའི་ནང་དོན་ནི།

  གཅིག གཏུག་ལན་འདེབས་མཁན་གྱི་མིང་དང་ཕོ་མོ། ལོ་གྲངས། མི་རིགས། ལས་སྒོ། ཕ་ཡུལ་དང་སྡོད་ཡུལ་བཅས་འབྲི་དགོས།

  གཉིས། གཏུག་ལན་འདེབས་པའི་རྒྱུ་མཚན།

  གསུམ། བདག་སྤྲོད་བྱེད་པའི་ཁྲིམས་ཁང་གི་མིང་དང་གཏུག་ལན་འདེབས་མཁན་གྱི་མིང་ངམ་ཐེལ་རྒྱག་པ་དང་ལོ་ཟླ་ཚེས་གྲངས་བཅས་འབྲི་དགོས།

  དཔེ་མཚོན་ཁྲིམས་མཆན།

  དྲ་ཐོག་ཏུ་མི་གཞི་དམའ་འབེབ་ཀྱི་གཏམ་བརྗོད་སྤེལ་ན་འགན་འཁུར་དགོས་སམ།

  ཚེ་རྡོ་ནི་དུས་རྒྱུན་གླེང་སྟེགས་དང་དྲ་ཚིགས་སུ་རང་ཉིད་ཀྱི་ལྟ་ཚུལ་འགའ་རེ་སྤེལ་རྒྱུར་དགའ་བར་མ་ཟད། སྐད་འཕྲིན་བརྒྱུད་དེ་གཏམ་བརྗོད་སྤེལ་བར་ཡང་ཧ་ཅང་མོས། དེ་ནི་ཁོའི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། ཉིན་ཞིག་ལ་ཁོས་མཉམ་མ་བཞག་པར་འདྲ་བཟོའི་དྲ་ཚིགས་ཤིག་གི་སྟེང་དུ་མི་གཞི་དམའ་འབེབ་ཀྱི་གཏམ་བརྗོད་ཅིག་སྤེལ། འདིར་འདྲི་རྒྱུ་ཞིག་ཡོད་པ་ནི་ཁོས་སྤེལ་བའི་གཏམ་བརྗོད་དེར་འགན་འཁུར་དགོས་སམ།

  ཕྲན་དཔྱད།

  《རྩིས་འཁོར་ཆ་འཕྲིན་དྲ་རྒྱའི་རྒྱལ་སྤྱིའི་དྲ་སྦྲེལ་སྲུང་སྐྱོང་དོ་དམ་བྱེད་ཐབས》ཀྱི་གཏན་ཁེལ་ལྟར་ན། "ལས་ཁུངས་གང་རུང་ཞིག་གམ་ཡང་ན་མི་སྒེར་གྱིས་རྒྱལ་སྤྱིའི་དྲ་སྦྲེལ་སྤྱད་དེ་བཟོ་སྐྲུན། འདྲ་བཟོ། ཡིག་ཆ་ལྟ་ཞིབ་དང་ཁུངས་མེད་རྫུན་བཟོ་འམ་དོན་དངོས་འཁྱོག་བཤད་སྒྲོག་སྤེལ། འཆལ་གཏམ་སྤེལ་བ། སྤྱི་ཚོགས་སྒྲིག་རིམ་དཀྲུག་པའམ་གཞན་ཡང་མངོན་སུམ་འཛེམ་མེད་དུ་མི་གཞན་ལ་དམའ་འབེབས་བྱེད་པའམ་ཡང་ན་མི་གཞན་ལ་སྒྲོ་འདོགས་བྱས་ཏེ་དོན་དངོས་རྫུན་བཟོ་བྱེད་པའི་ཆ་འཕྲིན་བཀོལ་མི་ཆོག འདི་དང་འགལ་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཐ་ཚིག་སྒྲོག་པའམ་ཡང་ན་དངུལ་ཆད་གཅོད་ངེས་ཤིང་། དེ་མིན་གནས་ཚུལ་ཅུང་ཚབས་ཆེན་ཡིན་ཚེ་ཉེས་དོན་འགན་འཁྲི་བདའ་འདེད་བྱ་དགོས"ཞེས་བཀོད་ཡོད། དེ་བས། ཚེ་རྡོ་ཡིས་དྲ་ཐོག་ཏུ་མི་གཞི་དམའ་འབེབ་ཀྱི་གཏམ་བརྗོད་སྤེལ་བ་ལ་བཅའ་ཁྲིམས་ཀྱི་འགན་འཁུར་དགོས་སོ། །

རྩོམ་འཇུག་པ།ལྷ་ཆེན་རྒྱལ།