གཉེན་སྒྲིག་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས།1

  དོན་ཚན་དང་པོ། བཅའ་ཁྲིམས་འདི་ནི་གཉེན་སྒྲིག་དང་ཁྱིམ་མིའི་འབྲེལ་བའི་སྐོར་གྱི་གཞི་ཚད་འཛིན་ཡིན།

  དོན་ཚན་གཉིས་པ། གཉེན་སྒྲིག་རང་མོས་དང་། ཁྱོ་ཤུག་ཆ་རེ། སྐྱེས་པ་དང་བུད་མེད་འདྲ་མཉམ་བཅས་བྱེད་པའི་གཉེན་སྒྲིག་གི་ལམ་སྲོལ་ལག་ལེན་དུ་བསྟར་རྒྱུ་དང་། བུད་མེད་དང་། བྱིས་པ། རྒན་རྒོན་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ།

  འཆར་ཡོད་བུ་བཙའི་ལག་ལེན་བསྟར་རྒྱུ།

  དོན་ཚན་གསུམ་པ། བཙན་ཤེད་ཀྱི་གཉེན་སྒྲིག་དང་། ཉོ་ཚོང་གི་གཉེན་སྒྲིག་རང་མོས་ལ་ཐེ་གཏོགས་བྱེད་པའི་བྱ་སྤྱོད་གཞན་དག་བཅས་བཀག་སྡོམ་བྱ་རྒྱུ། གཉེན་སྒྲིག་ལ་ཁག་བཞག་ནས་རྒྱུ་ནོར་ཧམ་ལེན་བྱེད་རིགས་བཀག་སྡོམ་བྱ་རྒྱུ།

  བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་མི་ཆོག བཟའ་ཟླ་ཡོད་བཞིན་དུ་གཞན་དང་འགབ་མཐུན་མཉམ་སྡོད་བྱས་མི་ཆོག ཁྱིམ་མིར་གཏུམ་སྤྱོད་ཀྱིས་ཉེས་རྡུང་བ་ཏང་མི་ཆོག ཁྱིམ་མི་ཕན་ཚུན་མནར་གཅོད་དང་དོར་རིགས་བྱས་མི་ཆོག

  དོན་ཚན་བཞི་པ། ཁྱོ་ཤུག་ཕན་ཚུན་བློ་དཀའ་བ་དང་། ཕན་ཚུན་བརྩི་འཇོག་བྱ་དགོས་པ་དང་། ཁྱིམ་མི་ཕན་ཚུན་བར་རྒན་བཀུར་གཞོན་གཅེས་དང་། ཕན་ཚུན་རོགས་རམ་བྱས་ཏེ་འདྲ་མཉམ་དང་། འཆམ་མཐུན། ཡ་རབས་ཚུལ་ལྡན་བཅས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་འབྲེལ་བ་སྲུང་སྐྱོང་བྱ་དགོས།

  ལེའུ་གཉིས་པ། གཉེན་སྒྲིག་གི་སྐོར།

  དོན་ཚན་ལྔ་བ། གཉེན་སྒྲིག་བྱེད་སྐབས་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀ་ཅིས་ཀྱང་རང་མོས་ཡིན་དགོས་པ་ལས། སུས་ཀྱང་ཅིག་ཤོས་ལ་བཙན་ཤེད་བྱས་མི་ཆོག་ལ་སྐྱེ་བོ་གཞན་པས་ཐེ་གཏོགས་ཀྱང་བྱས་མི་ཆོག

  དོན་ཚན་དྲུག་པ། གཉེན་སྒྲིག་གི་ལོ་ཚད་སྐྱེས་པ་རང་ལོ་ཉེར་གཉིས་ལ་མ་སོན་བར་དང་བུད་མེད་རང་ལོ་ཉི་ཤུར་མ་སོན་བར་དུ་གཉེན་སྒྲིག་བྱས་མི་ཆོག གཉེན་སྒྲིག་ཕྱི་པོ་བྱས་པ་དང་ཕྲུ་གུ་ཕྱི་པོ་སྐྱེས་རིགས་ལ་བསྔགས་བསྐུལ་བྱ་དགོས།

  དོན་ཚན་བདུན་པ། གཤམ་གསལ་གནས་ཚུལ་གྲས་ཡོད་རིགས་གཉེན་སྒྲིག་བྱས་མི་ཆོག་པ་སྟེ།

  (གཅིག) ཤ་རུས་གཅིག་པའི་གཉེན་ཚན་དང་མི་རབས་གསུམ་ནང་ཚུན་གྱི་རྒྱུད་འབྲེལ་གཉེན་ཚན་ཡིན་པ་དང་།

  (གཉིས།) གསོ་རིག་གི་ཐོག་ནས་གཉེན་སྒྲིག་བྱེད་མི་རུང་བར་འདོད་པའི་ནད་ཕོག་མཁན་གྲས་ཡིན།

  དོན་ཚན་བརྒྱད་པ། གཉེན་སྒྲིག་བྱ་རྒྱུའི་རེ་འདུན་འདོན་མཁན་སྐྱེས་པ་དང་བུད་མེད་གཉིས་ཀ་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ངོ་བསྐྱོད་ཀྱིས་གཉེན་སྒྲིག་བྱ་རྒྱུའི་ཐོ་འགོད་དགོས། བཅའ་ཁྲིམས་འདིའི་གཏན་འབེབས་དང་མཐུན་པ་རྣམས་ཐོ་འགོད་བྱེད་དུ་བཅུག་ནས་གཉེན་སྒྲིག་གི་ལག་ཁྱེར་སྤྲོད་རྒྱུ། གཉེན་སྒྲིག་གི་ལག་ཁྱེར་ཐོབ་པ་ནས་བཟུང་སྟེ་ཁྱོ་ཤུག་གི་འབྲེལ་བ་ཚུགས་རྒྱུ། གཉེན་སྒྲིག་གི་ཐོ་འགོད་འགྲོ་ལུགས་འགྲིམ་མེད་ན། ཐོ་འགོད་འགྲོ་ལུགས་གསབ་འགྲིམས་བྱ་དགོས།

  དོན་ཚན་དགུ་པ།གཉེན་སྒྲིག་ཐོ་འགོད་བྱས་པའི་རྗེས་སྐྱེས་པ་དང་བུད་མེད་ཕྱོགས་གཉིས་ཀྱིས་ཁ་ཆད་བྱས་པ་ཇི་བཞིན་བུད་མེད་དེ་སྐྱེས་པའི་ཕྱོགས་ཀྱི་ཁྱིམ་མི་བྱས་ཆོག་ལ། སྐྱེས་པའང་བུད་མེད་ཕྱོགས་ཀྱི་ཁྱིམ་མི་བྱས་ཆོག།

  དོན་ཚན་བཅུ་པ།གཤམ་གསལ་གྱི་གནས་ཚལ་གྲས་ཡོད་ན་གཉེན་སྒྲིག་རྩིས་འགྲོ་མེད་པ་སྟེ།

  (གཅིག།)བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱེད་རིགས་དང་།

  (གཉིས།)གཉེན་སྒྲིག་བྱས་མི་ཆོག་པའི་སྤུན་མཆེད་ཀྱི་འབྲེལ་བ་ཡོད་པའི་གྲས།

  (གསུམ།)གཉེན་སྒྲིག་མ་བྱས་གོང་ལ་གསོ་རིག་གི་ཐོག་ནས་གཉེན་སྒྲིག་བྱེད་མི་རུང་བའི་ནད་ཕོག་པ་དང་།གཉེན་སྒྲིག་བྱས་པའི་རྗེས་ལའང་དྲག་སྐྱེད་མ་བྱུང་བའི་གྲས།

  (བཞི།) ཁྲིམས་བཀོད་ཀྱི་གཉེན་སྒྲིག་ལོ་ཚད་མ་ལོན་པའི་གྲས་བཅས་ཡིན།

  དོན་ཚན་བཅུ་གཅིག་པ། བཙན་ཤེད་ལ་མ་བཟོད་པར་གཉེན་སྒྲིག་བྱས་པ་ཡིན་ན།བཙན་ཤེད་མྱོང་མཁན་ཕྱོགས་ཀྱིས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སམ་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་དེ་ཉིད་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་ཆོག བཙན་ཤེད་མྱོང་མཁན་ཕྱོགས་ནས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་རིགས། གཉེན་སྒྲིག་ཐོ་འགོད་བྱེད་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་ཞུ་དགོས། མི་ལུས་ཀྱི་རང་དབང་ལ་ཁྲིམས་འགལ་གྱི་ཚོད་འཛིན་ཕོག་མཁན་དོ་བདག་གིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུ་རིགས།མི་ལུས་ཀྱི་རང་དབང་སླར་གསོ་བྱུང་ཉིན་ནས་ལོ་གཅིག་གི་ནང་ཚུན་དུ་ཞུ་དགོས།

  དོན་ཚན་བཅུ་གཉིས་པ། གཉེན་སྒྲིག་རྩིས་འགྲོ་མེད་པའམ་ཕྱིར་འཐེན་བྱས་རིགས་ནི་ཐོག་མ་ཉིད་ནས་རྩིས་འགྲོ་མེད། དོ་བདག་ལ་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་མེད། འགབ་མཐུན་མཉམ་སྡོད་བྱེད་རིང་ཐོབ་པའི་རྒྱུ་ནོར་ནི་དོ་བདག་གཉིས་པོ་གྲོས་མོལ་གྱིས་ཐག་གཅོད་རྒྱུ། གྲོས་ཁ་མ་མཐུན་ན། མི་དམངས་ཁྲིམས་ཁང་གིས་བྱས་འཛོལ་མེད་མཁན་ཕྱོགས་ལ་ལྟ་རྟོག་བེད་པའི་རྩ་དོན་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ། བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའི་དབང་གིས་རྩིས་མེད་གཉེན་སྒྲིག་ཏུ་གྱུར་པའི་རྒྱུ་ནོར་ཐག་གཅོད་བྱེད་སྐབས། ཁྲིམས་མཐུན་ལྟར་གཉརན་སྒྲིག་བྱེད་མཁན་དོ་བདག་གི་རྒྱུ་ནོར་ཁེ་དབང་ལ་གནོད་འཚེ་བཏང་མི་ཆོག དོ་བདག་གཉིས་པོར་སྐྱེས་པའི་ཕྲུ་གུའི་སྐོར་ལ་བཅའ་ཁྲིམས་འདིའི་འབྲེལ་ཡོད་ཕ་མ་བུ་ཕྲུག་སྐོར་གྱི་གཏན་འབེབས་སྤྱད་འཐུས།

  ལེའུ་གསུམ་པ། ཁྱིམ་མིའི་བར་གྱི་འབྲེལ་བའི་སྐོར།

  དོན་ཚན་བཅུ་གསུམ་པ། ཁྱིམ་ཚང་ནང་དུ་ཁྱོ་ཤུག་གི་ཐོབ་ཐང་འདྲ་མཉམ་ཡིན།

  དོན་ཚན་བཅུ་བཞི་པ། ཁྱོ་ཤུག་གཉིས་ཀར་སོ་སོའི་རུས་མིང་སྤྱོད་དབང་ཡོད།

  དོན་ཚན་བཅོ་ལྔ་པ། ཁྱོ་ཤུག་གཉིས་ཀར་ཐོན་སྐྱེད་དང་། ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་ལས་སྒོ་བཅས་སུ་ཞུགས་པའི་རང་དབང་ཡོད་པས། ཕྱིགས་གཅིག་གིས་ཅིག་ཤོས་ལ་ཚོད་འཛིན་དང་ཐེ་གཏོགས་བྱས་མི་ཆོག

  དོན་ཚན་བཅུ་དྲུག་པ། ཁྱོ་ཤུག་གཉིས་ཀར་འཆར་ཡོད་བུ་བཙའི་འོས་འགན་ཡོད།

  དོན་ཚན་བཅུ་བདུན་པ། ཁྱོ་ཤུག་གཉིས་ཀྱིས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་གཤམ་གསལ་རྒྱུ་ནོར་དག་ཁྱོ་ཤུག་གཉིས་ཀར་དབང་བ་སྟེ།

  (གཅིག) གླ་ཕོགས་དང་། བྱ་དགའི་དངུལ་དང་།

  (གཉིས།) ཐོན་སྐྱེད་དང་གཉེར་སྐྱོང་བྱས་པའི་ཡོང་སྒོ།

  (གསུམ།) ཤེས་ཡོན་གྱི་ཐོན་དངོས་བདག་དབང་གི་ཡང་སྒོ།

  (བཞི།) ཤུལ་འཛིན་བྱས་པའམ་སྟེར་ནས་ཐོབ་པའི་རྒྱུ་ནོར་ལས་བཅའ་ཁྲིམས་འདིའི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་འདི་ཁོངས་སུ་མི་ཚུད་པ།

  (ལྔ།) ཐུན་མོང་ལ་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

  ཁྱོ་ཤུག་གཉིས་ཀར་དབང་བའི་རྒྱུ་ནོར་རྣམས་འདྲ་མཉམ་ཐོག་ཐག་གཅོད་བྱེད་དབང་ཡོད།

  དོན་ཚན་བཅོ་བརྒྱད་པ། གཤམ་གསལ་གྱི་གནས་ཚུལ་གྲས་ནི་ཁྱོ་ཤུག་ཕྱོགས་གཅིག་པུའི་རྒྱུ་ནོར་ཡིན་པ་སྟེ།

  (གཅིག) གཉེན་སྒྲིག་མ་བྱས་གོང་གི་ཕྱོགས་གཅིག་པུའི་རྒྱུ་ནོར་ཡིན་པ་དང་།

  (གཉིས།) ཕྱོགས་གཅིག་གི་ལུས་ལ་གནོད་སྐྱོན་བྱུང་བའི་དབང་གིས་སྨན་བཅོས་ཀྱི་གྲོན་དངུལ་དང་། དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་རོགས་དངུལ་སོགས་པའི་འགྲོ་གྲོན་ཐོབ་རིགས།

  (གསུམ།) ཁ་ཆེམས་བཞག་པའམ་སྟེར་རྒྱུའི་གན་རྒྱ་བཞག་པའི་ནང་ཁྱོ་ཤུག་གཉིས་ལས་གཅིག་ཁོ་ནར་དབང་བ་གཏན་འཁེལ་བའི་རྒྱུ་ནོར།

  (བཞི།) ཕྱོགས་གཅིག་པུའི་ཆེད་སྤྱོད་འཚོ་བའི་ཉེར་སྤྱད།

  (ལྔ།) ཕྱོགས་གཅིག་པུར་དབང་དགོས་པའི་རྒྱུ་ནོར་གཞན་དག་བཅས་ཡིན།

  དོན་ཚན་བཅུ་དགུ་པ། ཁྱོ་ཤུག་གཉིས་པོས་གཉེར་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་དང་དེ་བཞིན་གཉེན་སྒྲིག་མ་བྱས་གོང་གི་རྒྱུ་ནོར་སོ་སོར་དབང་བ་དང་། ཐུན་མོང་ལ་དབང་བའམ་ཡང་ན་ཆ་ཤས་སོ་སོར་དབང་བ་དང་ཆ་ཤས་ཐུན་མོང་ལ་དབང་བའི་ཁ་དན་བཞག་ཆོག ཁ་དན་ཡིག་ཐོག་ནས་འཇོག་དགོས། ཁ་དན་བཞག་མེད་པའམ་ཁ་དན་གསལ་པོར་བཞག་མེད་ན། བཅའ་ཁྲིམས་འདིའི་དོན་ཚན་བཅུ་བདུན་པ་དང་། དོན་ཚན་བཅོ་བརྒྱད་པའི་གཏན་འབེབས་སྤྱད་འཐུས།

  ཁྱོ་ཤུག་གཉིས་པོས་གཉེན་སྒྲིག་གི་འབྲེལ་བ་གནས་པའི་རིང་ལ་བསགས་པའི་རྒྱུ་ནོར་སོ་སོར་དབང་བའི་ཁ་དན་བཞག་རིགས་ལས་ཁྱོ་ཤུག་ཕྱོགས་གཅིག་གིས་ཕྱི་རུ་བུ་ལོན་བསགས་པ་དང་། ཁ་དན་བཞག་པའང་སྐྱེ་བོ་གསུམ་པས་ཤེས་པའི་གྲས་ཡིན་ན། ཁྱོ་ཤུག་ཕྱོགས་གཅིག་པུ་དེ་རང་ལ་དབང་བའི་རྒྱུ་ནོར་ལས་གཙང་འཇལ་བྱ་རྒྱུ།

  དོན་ཚན་ཉི་ཤུ་པ། ཁྱོ་ཤུག་གཉིས་ཀར་ཕན་ཚུན་གསོ་རྒྱུའི་འོས་འགན་ཡོད། གཅིག་གིས་གསོ་འགན་མ་ཁུར་ན། གསོ་བྱའི་ཕྱོགས་དེས་ཅིག་ཤོས་ཀྱི་ས་ནས་གསོ་རྟེན་ལེན་དབང་ཡོད།

  དོན་ཚན་ཉེར་གཅིག་པ། ཕ་མར་རང་གི་ཕྲུ་གུ་གསོ་བ་དང་དེར་སློབ་གསོ་གཏོང་བའི་འོས་འགན་ཡོད། ཕྲུ་གུས་ཕ་མར་ཞབས་ཏོག་ཞུ་བ་དང་རོགས་སྐྱོར་བྱེད་པའི་འོས་འགན་ཡོད།

  ཕ་མས་ཕྲུ་གུ་གསོ་བའི་འོས་འགན་མ་ཁུར་ན། ལོ་ན་མ་སྨིན་པའམ་འཚོ་ཐབས་རང་མགོ་མ་ཐོན་པའི་ཕྲུ་གུར་ཕ་མའི་ས་ནས་གསོ་རྟེན་ལེན་དབང་ཡོད།

  ཕྲུ་གུས་ཕ་མར་ཞབས་ཏོག་ཞུ་བའི་འོས་འགན་མ་བསྒྲུབས་ན། ངལ་རྩོལ་བྱེད་ནུས་མེད་པའམ་འཚོ་བར་དཀའ་ངལ་ཡོད་པའི་ཕ་མར་ཕྲུ་གུའི་ས་ནས་གསོ་རྟེན་ལེན་དབང་ཡོད།

  ཕྲུ་གུ་དམར་འབྱར་ཆུར་བསྐྱུར་བའམ་དོར་བ་དང་གནོད་འཚེ་གཞན་དག་གཏོང་རིགས་བཀག་སྡོམ་བྱ་རྒྱུ།

  དོན་ཚན་ཉེར་གཉིས་པ། ཕྲུ་གུ་ཕ་ཡི་རུས་མིང་བཏགས་ཆོག་ལ། མ་ཡི་རུས་མིང་བཏགས་ནའང་ཆོག

  དོན་ཚན་ཉེར་གསུམ་པ། ཕ་མར་ལོ་ན་མ་སྨིན་པའི་ཕྲུ་གུ་སྲུང་སྐྱོང་བྱ་རྒྱུ་དང་སློབ་གསོ་གཏོང་རྒྱུའི་དབང་ཆ་འོས་འགན་ཡོད། ལོ་ན་མ་སྨན་པའི་ཕྲུ་གུས་རྒྱལ་ཁབ་དང་། ཐུན་མོང་ངམ་སྐྱེ་བོ་གགཞན་དག་ལགནོད་འཚེ་བཏང་ཚེ། ཕ་མར་དམངས་དོན་གྱི་འགན་འཁྲི་འཁུར་རྒྱུའི་འོས་འགན་ཡོད།

  དོན་ཚན་སོ་བཞི་པ། ཁྱོ་ཤུག་གཉིས་ཀར་ཅིག་ཤོས་ཀྱི་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད།

  ཕ་མ་དང་ཕྲུ་གུ་ཕན་ཚུན་རྒྱུ་ནོར་ཤུལ་འཛིན་བྱེད་དབང་ཡོད།

  དོན་ཚན་ཉེར་ལྔ་པ། གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུར་གཉེན་སྒྲིག་བྱས་ནས་སྐྱེས་པའི་ཕྲུ་གུ་བཞིན་དུ་ཁེ་དབང་འདྲ་མཉམ་ཡོད་པས། སུས་ཀྱང་དེར་གནོད་འཚེ་དང་མཐོང་ཆུང་བྱས་མི་ཆོག

  གཉེན་སྒྲིག་མ་བྱས་པར་སྐྱེས་པའི་ཕྲུ་གུ་དངོས་སུ་གསོ་སྐྱོང་མི་བྱེད་པའི་ལུས་སྦྱིན་ཕ་མས་ཕྲུ་གུ་འཚོ་ཐབས་རང་མགོ་རང་ཐོན་མ་བྱུང་བར་དུ་འཚོ་རྟེན་དང་སློབ་ཡོན་སྤྲོད་འགན་འཁུར་དགོས།

  དོན་ཚན་ཉེར་དྲུག་པ། རྒྱལ་ཁབ་ཀྱིས་ཁྲིམས་མཐུན་གྱི་ཉར་གསོའི་འབྲེལ་བ་སྲུང་སྐྱོང་བྱ་རྒྱུ། ཉར་གསོ་བྱེད་མཁན་ཕ་མ་དང་གསོས་ཕྲུག་བར་གྱི་ཁེ་དབང་དང་འོས་འགན་ཐད་བཅའ་ཁྲིམས་འདིར་འཁོད་ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

  གསོས་ཕྲུག་དང་ལུས་སྦྱིན་ཕ་མའི་བར་གྱི་ཁེ་དབང་དང་འོས་འགན་ནི་ཉར་གསོའི་འབྲེལ་བ་ཚུགས་པའི་དབང་གིས་མེད་པར་གྱུར་ཟིན་པ་ཡིན།

  དོན་ཚན་ཉེར་བདུན་པ། ཕ་གཡར་མ་གཡར་དང་སྔ་ཚར་བར་ཕན་ཚུན་མནར་གཅོད་གཏོང་རིགས་སམ་མཐོང་ཆུང་བྱེད་རིགས་མི་ཆོག

  ཕ་་གཡར་རམ་མ་གཡར་དང་དེ་ཉིད་ཀྱིས་གསོ་བ་དང་སློབ་གསོ་གཏོང་བའི་སྔ་ཚར་བར་གྱི་ཁེ་དབང་དང་འོས་འགན་ཐད་བཅའ་ཁྲིམས་འདིར་འཁོད་ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འབེབས་སྤྱད་འཐུས།

  དོན་ཚན་ཉེར་བརྒྱད་པ། འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་སྤོ་བོ་དང་རྨོ་བོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་རང་གི་ཚ་བོ་ཚ་མོ་ལོ་ན་མ་སྨིན་པ་དག་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་ཚ་བོ་ཚ་མོ་དག་གིས་ཕྲུ་གུ་གྲོངས་པའམ་ཕྲུ་གུར་ཞབས་ཏོག་ཞུ་ནུས་མེད་པའི་རང་གི་སྤོ་བོ་དང་རྨོ་བོར་ཞབས་ཏོག་ཞུ་བའི་འོས་འགན་འཁུར་དགོས།

  དོན་ཚན་ཉེར་དགུ་པ། འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་གཅེན་པོ་དང་གཅེན་མོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་རང་གི་གཅུང་པོ་དང་། གཅུང་མོ་ལོ་ན་སྨིན་པ་དག་འཚོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། གཅེན་པོ་དང་། གཅེན་མོས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་ཞིང་འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་གཅུང་པོ་དང་གཅང་མོས་ངལ་རྩོལ་ནུས་ཤུགས་ཞན་ལ་འཚོ་རྟེན་ཡོང་ཁུངས་ཀྱང་ཞན་པའི་གཅེན་པོ་དང་གཅེན་མོ་འཚོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས།

  དོན་ཚན་སུམ་ཅུ་པ། བུ་ཕྲུག་གིས་ཕ་མའི་གཉེན་སྒྲིག་གི་ཁེ་དབང་ལ་བརྩི་འཇོག་ཞུ་དགོས་པ་ལས། ཕ་མས་གཉེན་སྒྲིག་བསྐྱར་མ་བྱེད་པ་དང་གཉེན་སྒྲིག་བྱས་པའི་རྗེས་ཀྱི་འཚོ་བར་ཐེ་གཏོགས་བྱས་མི་ཆོག བུ་ཕྲུག་གིས་ཕ་མར་ཞབས་ཏོག་ཞུ་རྒྱུའི་འོས་འགན་དེ་ཕ་མའི་གཉེན་སྒྲིག་གི་འབྲེལ་བར་འགྱུར་བ་བྱུང་བའི་དབང་གིས་མཇུག་སྒྲིལ་བྱས་མི་ཆོག

  ལེའུ་བཞི་པ། བཟའ་ཚང་ཁ་བྲལ་སྟངས་སྐོར།

  དོན་ཚན་སོ་གཅིག་པ། ཁྱོ་ཤུག་ཕྱོགས་གཉིས་རང་མོས་ཐོག་ཁ་བྲལ་འདོད་ཡོང་ན་ཁ་བྲལ་དུ་འཇུག་རྒྱུ། ཕྱོགས་གཉིས་ཀས་ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་ཁ་བྲལ་རྒྱུའི་སྙན་ཞུ་འབུལ་དགོས། གཉེན་སྒྲིག་ཐོ་འགོད་ལས་ཁུངས་ཀྱིས་ཕྱོགས་གཉིས་ཀ་དངོས་འབྲེལ་རང་མོས་ངང་ཁ་བྲལ་བའི་ཐོག་ཕྲུག་གུ་དང་རྒྱུ་ནོར་སྐོར་ཐག་གཅོད་འཚམ་པོར་བྱས་ཚུལ་ཞིབ་རྩད་ཆོད་རྗེས་བཟའ་ཚང་ཁ་བྲལ་བའི་ལག་ཁྱེར་སྤྲོབ་རྒྱུ།

  དོན་ཚན་སོ་གཉིས་པ། ཁྱོ་ཤུག་གཉིས་ལས་གཅིག་གིས་ཁ་བྲལ་རྒྱུའི་རེ་འདུན་བཏོན་ན་འབྲེལ་ཡོད་སྡེ་ཁག་གིས་བར་འདུམ་བྱས་ཆོག་པའམ་ཡང་ན་ཐད་ཀར་མི་དམངས་ཁྲིམས་ཁང་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་སྦྱོར་བྱས་ཆོག

  མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་གྱོད་དོན་ལ་ཞིབ་གཅོད་བྱེད་སྐབས་བར་འདུམ་བྱ་དགོས། གལ་སྲིད་དངོས་འབྲེལ་བརྩེ་དུང་མེད་པར་གྱུར་ཏེ་བར་འདུམ་བྱས་ཀྱང་ཕན་འབྲས་མ་ཐོན་ན་ཁ་བྲལ་དུ་འཇུག་དགོས།

  གཤམ་གསལ་གྱི་གནས་ཚུལ་གྲས་ཡོད་ཅིང་བར་འདུམ་བྱས་ཀྱང་ཕན་འབྲས་མ་ཐོན་ན། བཟའ་ཚང་ཁ་བྲལ་དུ་འཇུག་དགོས་པ་སྟེ།

  གཅིག བཟའ་ཟླ་ཡོད་བཞིན་དུ་གཉེན་སྒྲིག་བྱས་པའམ་བཟའ་ཟླ་ཡོད་མཁན་གྱིས་གཞན་དང་འགབ་མཐུན་མཉམ་སྡོད་བྱེད་པ་དང་།

  གཉིས། ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་བའམ་ཁྱིམ་མིར་མནར་གཅོད་བཏང་བ་དང་། ཁྱིམ་མི་དོར་བ།

  གསུམ། རྒྱན་འཛུགས་པ་དང་། དུག་འཐེན་པ་སོགས་པའི་གོམས་ལ་སློབ་གསོ་ཡང་ཡང་བཏང་ནའང་ཡོ་བསྲང་མི་བྱེད་པ།

  བཞི། ཕན་ཚུན་བློ་ཁ་མི་མཐུན་པའི་དབང་གིས་ལོགས་དགར་བསྡད་ནས་ལོ་གཉིས་ཟིན་པ།

  ལྔ། ཁྱོ་ཤུག་གི་བརྩེ་དུང་ལ་གནོད་པའི་གནས་ཚུལ་གཞན་དག་ཡོད་པ་བཅས་ཡིན།

  ཕྱོགས་གཅིག་གར་སོང་ཆ་མེད་དུ་གྱུར་པ་ཡོངས་བསྒྲགས་བྱས་པ་དང་། ཅིག་ཤོས་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་ཞུ་སྦྱོར་བྱས་ནས། བཟའ་ཚང་ཁ་བྲལ་རུང་བའི་ཆོག་མཆན་སྤྲོད་དགོས།

  དོན་ཚན་སོ་གསུམ་པ། དམག་མིའི་བཟའ་ཟླས་ཁ་བྲལ་རྒྱུའི་རེ་འདུན་བཏོན་ན། ངེས་པར་དུ་དམག་མིའི་མོས་མཐུན་འཐོབ་དགོས།

  དོན་ཚན་སོ་བཞི་པ། བུད་མེད་ལ་ཕྲུ་གུ་འཁོར་བའི་རིང་དང་། ཕྲུ་གུ་སྐྱེས་པའི་རྗེས་ཀྱི་ལོ་གཅིག་ནང་ངམ་ཕྲུ་གུ་འཁོར་མཚམས་བཅད་པའི་རྗེས་ཀྱི་ཟླ་བ་དྲུག་ནང་ཚུན་དུ་ཁྱོ་གས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་བཏོན་མི་ཆོག བུད་མེད་ཀྱིས་བཟའ་ཚང་ཁ་བྲལ་རྒྱུའི་རེ་འདུན་བཏོན་པའམ་ཡང་ན་མི་དམངས་ཁྲིམས་ཁང་གིས་བཟའ་ཚང་ཁ་བྲལ་རྒྱུའི་ཁྱོ་གའི་རེ་འདུན་དངོས་གནས་བདག་སྤྲོད་བྱ་དགོས་ངེས་འདུག་སྙམ་པའི་རིགས་འདིའི་ཁོངས་སུ་མི་གཏོགས།

  དོན་ཚན་སོ་ལྔ་བ། བཟའ་ཚང་ཁ་བྲལ་རྗེས་སྐྱེས་པ་དང་བུད་མེད་གཉིས་རང་མོས་ཀྱིས་ཁྱོ་ཤུག་གི་འབྲེལ་བ་སྔར་ལྟར་སླར་གསོ་བྱེད་འདོད་ཡོད་ན། ངེས་པར་དུ་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སུ་གཉེན་སྒྲིག་སླར་གསོ་བྱ་རྒྱུའི་ཐོ་འགོད་པར་འགྲོ་དགོས།

  དོན་ཚན་སོ་དྲུག་པ། ཕ་མ་དང་ཕྲུ་གུའི་བར་གྱི་འབྲེལ་བ་ནི་ཕ་མ་གཉིས་ཁ་བྲལ་བའི་དབང་གིས་མེད་པར་གྱུར་པ་མིན། བཟའ་ཚང་ཁ་བྲལ་བའི་རྗེས་ཕྲུ་གུ་ཕ་མ་སུ་ཡིས་དངོས་སུ་གསོས་པ་ཡིན་རུང་གང་ལྟར་སྔར་བཞིན་ཕན་གཉིས་ཀྱི་ཕྲུ་གུ་ཡིན།

  བཟའ་ཚང་ཁ་བྲལ་བའི་རྗེས་ནུ་མ་བསྣུན་དགོས་པའི་ཕྲུ་གུ་ནི་ནུ་མ་སྣུན་མཁན་ཨ་མས་ཁྲིད་ནས་གསོ་རྒྱུ་རྩ་དོན་དུ་འཛིན་དགོས། ནུ་མ་བསྣུན་དུས་ཡོལ་བའི་རྗེས་ཀྱི་ཕྲུ་གུ་གསོ་རྒྱུའི་སྐོར་ཕ་མའི་བར་རྩོད་པ་བྱུང་ནས་གྲོས་ཁ་མ་མཐུན་ན། མི་དམངས་ཁྲིམས་ཁང་གིས་ཕྲུ་གུའི་ཁེ་ཕན་དང་ཕྱོགས་གཉིས་པོའི་གནས་ཚུལ་དངོས་ལ་གཞིགས་ནས་དཔྱད་མཚམས་གཏོང་རྒྱུ།

  དོན་ཚན་སོ་བདུན་པ། བཟའ་ཚང་ཁ་བྲལ་རྗེས་ཕྱོགས་གཅིག་གིས་གསོ་བའི་ཕྲུ་གུ་དེར་ཅིག་ཤོས་ཀྱིས་དགོས་ངེས་ཀྱི་གསོ་རྟེན་དང་སློབ་ཡོན་ཆ་ཤས་སམ་ཚང་མ་སྤྲོད་འགན་འཁུར་དགོས་ཤིང་། འགྲོ་གྲོན་ག་ཚོད་སྤྲོད་དགོས་མིན་དང་དུས་ཡིན་རིང་ཐུང་ཇི་ཙམ་སྤྲོད་དགོས་མིན་ཕྱོགས་གཉིས་ནས་གྲོས་མཐུན་འཇོག་རྒྱུ། གྲོས་ཁ་མ་མཐུན་ན་མི་དམངས་ཁྲིམས་ཁང་གིས་དཔྱད་མཚམས་གཏོང་རྒྱུ། ཕྲུ་གུའི་གསོ་རྟེན་དང་སློབ་ཡོན་སྐོར་གྱི་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་ཡོད་རུང་། དགོས་པ་བྱུང་ཚེ་ཕྲུ་གུས་ཕ་མ་གང་རུང་ལ་གྲོས་མཐུན་བཞག་པའམ་དཔྱད་མཚམས་བཏང་གསལ་གྱི་གཏན་འཁེལ་གྲངས་ཚད་ལས་མང་བའི་ལུགས་མཐུན་གྱི་རེ་འདུན་ཞུས་པར་འགལ་རྐྱེན་མེད།