ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་ཁྱེར་སྐོར་གྱི་བཅའ་ཁྲིམས།

  (2006ལོའི་ཟླ4ཚེས29ཉིན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་ཐོག་གྲོས་འཆམ་བྱུང་ཞིང་། 2006ལོའི་ཟླ4ཚེས29ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བཀའ་ཨང་ལྔ་བཅུའི་ཐོག་སྤྱི་བསྒྲགས་བྱས་པ་དང་། 2007ལོའི་ཟླ7ཚེས1ཉིན་ནས་ལག་ལེན་དུ་བསྟར་དགོས། )

  དོན་ཚན་དང་པོ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་ཁྱེར་རེ་ཞུ་དང་ཆོག་མཆན་བཀོད་ནས་སྤྲོད་པ། དོ་དམ་བྱེད་པ་བཅས་ཚད་ལྡན་ཡོང་བ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་སུ་འགྲོ་འོང་བྱེད་པའི་ཁེ་དབང་འགན་སྲུང་དང་། ཕྱི་ཕྱོགས་དང་འགྲོ་འོང་བྱེད་པར་སྐུལ་སྤེལ་བཅས་བྱེད་ཆེད་བཅའ་ཁྲིམས་འདི་བཟོས་པ་ཡིན།

  དོན་ཚན་གཉིས་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྐྱོད་ལག་ཁྱེར་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་རྒྱལ་མཚམས་སུ་འགྲོ་འོང་བྱེད་པ་དང་ཕྱི་རྒྱལ་དུ་རང་གི་རྒྱལ་ཁོངས་དང་ཐོབ་ཐང་ར་སྤྲོད་བྱེད་པའི་དཔང་ཡིག་ཡིན།

  རྩ་འཛུགས་དང་མི་སྒེར་གང་རུང་གིས་ཕྱིར་སྐྱོད་ལག་ཁྱེར་རྫུན་བཟོ་དང་བསྒྱུར་བཟོ། གཞན་ལ་བཤུག་པ་དང་བསམ་བཞིན་དུ་མེད་པར་བཟོ་བའམ་ཁྲིམས་དང་མི་མཐུན་པར་བཙན་ཉར་བཅས་བྱས་མི་ཆོག

  དོན་ཚན་གསུམ་པ། ཕྱིར་སྐྱོད་ལག་ཁྱེར་ལ་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་དང་། ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར། གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་བཅས་གསུམ་དུ་དབྱེ་ཡོད། ཕྱིར་སྐྱོད་ལག་ཁྱེར་ནི་ཕྱི་འབྲེལ་པུའུ་ཡིས་ཕྱི་འབྲེལ་གྱི་ཐབས་ལམ་བརྒྱུད་དེ་ཕྱི་རྒྱལ་གྱི་སྲིད་གཞུང་ལ་མཚམས་སྦྱོར་ངོ་སྤྲོད་བྱ་རྒྱུ།

  དོན་ཚན་བཞི་བ། སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་ནི་སྤྱི་བདེ་པུའུ་ཡི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞི་དང་ཡང་ན་སྤྱི་བདེ་པུའུ་ཡིས་མངགས་བཅོལ་བྱས་པའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞི། དེ་བཞིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་གཞུང་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ཁང་། ཕྱི་འབྲེལ་པུའུ་ཡིས་མངགས་བཅོལ་བྱས་པའི་ཕྱིར་སྡོད་སྒྲིག་གཞི་གཞན་དག་བཅས་ཀྱིས་ཆོག་མཆན་བཀོད་ནས་སྤྲོད་རྒྱུ།

  ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་ནི་ཕྱི་འབྲེལ་པུའུ་ཡིས་ཆོག་མཆན་བཀོད་ནས་སྤྲོད་རྒྱུ།

  གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་ནི་ཕྱི་འབྲེལ་པུའུ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་གཞུང་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ཁང་། ཡང་ན་ཕྱི་འབྲེལ་པུའུ་ཡིས་མངགས་བཅོལ་བྱས་པའི་ཕྱིར་སྡོད་སྒྲིག་གཞི་གཞན་དག ཕྱི་འབྲེལ་པུའུ་ཡིས་མངགས་བཅོལ་བྱས་པའི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཕྱི་དོན་སྡེ་ཁག་བཅས་ཀྱིས་ཆོག་མཆན་བཀོད་ནས་སྤྲོད་རྒྱུ།

  དོན་ཚན་ལྔ་བ། སྤྱི་དམངས་ཕྱི་རྒྱལ་དུ་གཞིས་ཆགས་པ་དང་འཁོར་ཞག་ལ་འགྲོ་བ། སློབ་སྦྱོང་། ལས་ཞུགས། ཡུལ་སྐོར། ཚོང་ལས་ཀྱི་བྱེད་སྒོ་སོགས་གཞུང་དོན་གྱི་རྒྱུ་རྐྱེན་མིན་པར་ཕྱི་རྒྱལ་ལ་འགྲོ་དགོས་ཚེ། རང་སྒེར་གྱིས་ཐེམ་ཐོ་གནས་སའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞི་ནས་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་ཐོབ་རེ་ཞུ་རྒྱུ།

  དོན་ཚན་དྲུག་པ། སྤྱི་དམངས་ཀྱིས་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་ཐོབ་རེ་ཞུ་སྐབས་རང་སྒེར་གྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་དང་ཐེམ་ཐོ། ཉེ་ཆར་གྱི་ཞྭ་མེད་འདྲ་བར། དེ་བཞིན་རེ་ཞུའི་རྒྱུ་མཚན་སྐོར་གྱི་འབྲེལ་ཡོད་ཡིག་རིགས་འབུལ་དགོས། རྒྱལ་ཁབ་ཀྱི་ལས་བྱེད་པས་བཅའ་ཁྲིམས་འདིའི་དོན་ཚན་ལྔ་པའི་ནང་གཏན་འབེབས་བྱས་པའི་རྒྱུ་རྐྱེན་ལྟར་ཕྱི་རྒྱལ་དུ་འགྲོ་བའི་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་ཐོབ་རེ་ཞུས་ཚེ་ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ར་སྤྲོད་བྱེད་པའི་འབྲེལ་ཡོད་ཡིག་ཆ་འབུལ་དགོས།

  སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞི་ཡིས་རེ་ཞུའི་ཡིག་རིགས་འབྱོར་ཉིན་ནས་བཟུང་གི་ཉིན་བཅོ་ལྔའི་ནང་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་དགོས། གཏན་འབེབས་དང་མི་མཐུན་པར་ཕྱིར་སྐྱོད་ལག་ཁྱེར་སྤྲོད་མི་རུང་ན། ཡིག་ཐོག་ནས་རྒྱུ་མཚན་གསལ་པོ་བཤད་དགོས་པ་མ་ཟད། རེ་ཞུ་བྱེད་མཁན་ལ་བཅའ་ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་དང་ཡང་ན་སྲིད་འཛིན་བསྐྱར་གྲོས་དང་ཡང་ན་སྲིད་འཛིན་གཏུག་བཤེར་བྱེད་དབང་ཡོད་ཚུལ་བཤད་ཀྱང་དགོས།

  ས་ཐག་རིང་བ་ཡང་ན་འགྲིམ་འགྲུལ་སྟབས་མི་བདེ་བའི་ས་ཁུལ། ཡང་ན་དམིགས་བསལ་གྱི་གནས་ཚུལ་ཡོད་པའི་དབང་གིས་ཕྱིར་སྐྱོད་ལག་ཁྱེར་དུས་བཀག་ལྟར་ཆོག་མཆན་བཀོད་ནས་སྤྲོད་མ་ཐུབ་ཚེ། ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་པའི་ལས་ཁུངས་ཀྱི་འགན་ཁུར་བས་ཆོག་མཆན་བཀོད་པ་བརྒྱུད་ཆོག་མཆན་བཀོད་ནས་སྤྲོད་པའི་དུས་ཚོད་ཉིན་སུམ་ཅུ་ཇེ་རིང་དུ་བཏང་ཆོག

  སྤྱི་དམངས་ཀྱིས་ལུགས་མཐུན་གྱི་དོན་དག་བྲེལ་འཚུབ་ཅན་ཡོད་པས་མགྱོགས་མྱུར་དུ་བསྒྲུབ་རྒྱུའི་རེ་བ་བཏོན་ཚེ་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞི་ཡིས་དུས་ཐོག་ཏུ་བསྒྲུབ་དགོས།

  དོན་ཚན་བདུན་པ། སྤྱིར་བཏང་ཕྱིར་སྐྱོད་ལག་ཁྱེར་གྱི་ཐོ་འགོད་རྣམ་གྲངས་ནང་ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་གྱི་རུས་མིང་དང་། ཕོ་མོའི་དབྱེ་བ། སྐྱེས་སྐར། སྐྱེ་ཡུལ། ཕྱིར་སྐྱོད་ལག་ཁྱེར་སྤྲོད་པའི་དུས་ཚོད། གོ་ཆོད་པའི་དུས་ཡུན། སྤྲོད་གནས་དང་སྤྲོད་མཁན་ལས་ཁུངས་བཅས་ཚུད་ཡོད།

  སྤྱིར་བཏང་ཕྱིར་སྐྱོད་ལག་ཁྱེར་གྱི་གོ་ཆོད་པའི་དུས་ཡུན་ནི་ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་ལོ་ན་བཅུ་དྲུག་ཧྲིལ་པོ་ཟིན་མེད་རིགས་ལོ་ལྔ་ཡིན་པ་དང་། ལོ་ན་བཅུ་དྲུག་ཡན་ཟིན་རིགས་ལོ་བཅུ་ཡིན།

  སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་མཆན་བཀོད་སྤྲོད་ཐབས་ཞིབ་ཕྲ་སྤྱི་བདེ་པུའུ་ཡིས་གཏན་འབེབས་བྱ་རྒྱུ།

  དོན་ཚན་བརྒྱད་པ། ཕྱི་འབྲེལ་དཔོན་རིགས་དང་གཞུང་ཚབ་དཔོན་རིགས། དེའི་བཟའ་ཟླ་དང་ལོ་ན་མ་སོན་པའི་བུ་ཕྲུག ཕྱི་འབྲེལ་ཕོ་ཉ་བཅས་ཀྱིས་ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་འཛིན་རྒྱུ།

  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་གཞུང་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ཁང་། ཡང་ན་མཉམ་འབྲེལ་རྒྱལ་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་དོན་སྒྲིག་གཞི་དང་། དེ་བཞིན་སྲིད་གཞུང་གཞན་དག་བར་གྱི་རྒྱལ་སྤྱིའི་རྩ་འཛུགས་སུ་ལས་ཀ་བྱེད་པའི་ཀྲུང་གོའི་སྲིད་གཞུང་གིས་མངགས་པའི་ལས་བྱེད་པ་དང་དེ་དག་གི་བཟའ་ཟླ། ལོ་ན་མ་སོན་པའི་བུ་ཕྲུག་བཅས་ཀྱིསགཞུང་དོན་ཕྱིར་སྐྱོད་ལག་ཁྱེར་འཛིན་རྒྱུ།

  གོང་འཁོད་ནང་གསེས་དོན་ཚན་གཉིས་པོའི་གཏན་འབེབས་ནང་མ་ཚུད་པའི་སྤྱི་དམངས་ཕྱི་རྒྱལ་དུ་གཞུང་དོན་བསྒྲུབ་པར་འགྲོ་དགོས་ཚེ། དེའི་ལས་སྒྲུབ་སྡེ་ཚན་གྱིས་བཅའ་ཁྲིམས་འདིའི་དོན་ཚན་བཞི་བའི་ནང་གསེས་དོན་ཚན་གཉིས་པ་དང་གསུམ་པའི་གཏན་འབེབས་ལྟར་ཕྱི་འབྲེལ་སྡེ་ཁག་ལ་རེ་ཞུ་བྱ་རྒྱུ། ཕྱི་འབྲེལ་སྡེ་ཁག་གིས་དགོས་མཁོ་ལྟར་ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་རམ་ཡང་ན་གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་རྒྱུ།

  དོན་ཚན་དགུ་བ། ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་དང་གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་གྱི་ཐོ་འགོད་རྣམ་གྲངས་ནང་ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་གྱི་རུས་མིང་དང་། ཕོ་མོའི་དབྱེ་བ། སྐྱེས་སྐར། སྐྱེ་ཡུལ་བཅས་དང་། ཕྱིར་སྐྱོད་ལག་ཁྱེར་སྤྲོད་པའི་དུས་ཚོད། གོ་ཆོད་པའི་དུས་ཡུན། སྤྲོད་མཁན་ལས་ཁུངས་བཅས་ཚུད་ཡོད།

  ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་དང་གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་གྱི་མཆན་བཀོད་སྤྲོད་ཁོངས་དང་སྤྲོད་ཐབས། གོ་ཆོད་དུས་ཡུན། དེ་བཞིན་གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་གྱི་རིགས་དབྱེ་དངོས་ནི་ཕྱི་འབྲེལ་པུའུ་ཡིས་གཏན་འབེབས་བྱ་རྒྱུ།

  དོན་ཚན་བཅུ་བ། ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་གྱི་ཕྱིར་སྐྱོད་ལག་ཁྱེར་གྱི་ཐོ་འགོད་དོན་དག་འགྱུར་ལྡོག་བྱུང་ཚེ་འབྲེལ་ཡོད་ར་སྤྲོད་བྱེད་པའི་ཡིག་རིགས་ཁྱེར་ནས་ཕྱིར་སྐྱོད་ལག་ཁྱེར་སྤྲོད་མཁན་ལས་ཁུངས་ལ་ཕྱིར་སྐྱོད་ལག་ཁྱེར་ནང་དོན་བསྒྱུར་བཅོས་དང་ཁ་གསབ་གསལ་བྱེད་བྱ་རྒྱུའི་རེ་ཞུ་བྱ་དགོས།

  དོན་ཚན་བཅུ་གཅིག་པ། གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ་ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་གྱིས་གཏན་འབེབས་ལྟར་ཕྱིར་སྐྱོད་ལག་ཁྱེར་བརྗེ་ལེན་དང་ཡང་ན་གསབ་སྤྲོད་བྱ་རྒྱུའི་རེ་འདུན་ཞུས་ཆོག

  (གཅིག) ཕྱིར་སྐྱོད་ལག་ཁྱེར་གྱི་གོ་ཆོད་དུས་ཡུན་ཐིམ་གྲབས་ཡོད་པ་དང་།

  (གཉིས།) ཕྱིར་སྐྱོད་ལག་ཁྱེར་གྱི་འཐུས་མཆན་འགོད་རྒྱུའི་ཤོག་ངོས་སྤྱད་ཚར་གྲབས་ཡོད་པ།

  (གསུམ།) ཕྱིར་སྐྱོད་ལག་ཁྱེར་བཀོལ་ཟད་བྱུང་ནས་སྤྱོད་ཐབས་བྲལ་བ།

  (བཞི།) ཕྱིར་སྐྱོད་ལག་ཁྱེར་བོར་བ་དང་ཡང་ན་རྐུ་མ་ཤོར་བ།

  (ལྔ།) ཕྱིར་སྐྱོད་ལག་ཁྱེར་བརྗེ་ལེན་དང་ཡང་ན་གསབ་སྤྲོད་བྱ་དགོས་པའི་ཚུལ་མཐུན་གནས་ལུགས་ཡོད་པའི་གནས་ཚུལ་གཞན་དག་བཅས་ཡིན།

  ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་གྱིས་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་བརྗེ་ལེན་དང་ཡང་ན་གསབ་སྤྲོད་ཡོང་བའི་རེ་ཞུ་བྱེད་སྐབས། རྒྱལ་ནང་དུ་རང་གིས་ཐེམ་ཐོ་གནས་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞིར་ཞུ་དགོས་པ་དང་། ཕྱི་རྒྱལ་དུ་རང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་གཞུང་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ཁང་། ཡང་ན་ཕྱི་འབྲེལ་པུའུ་ཡིས་མངགས་བཅོལ་བྱས་པའི་ཕྱིར་སྡོད་སྒྲིག་གཞི་གཞན་དག་བཅས་ལ་ཞུ་དགོས། ཕྱི་རྒྱལ་དུ་གཞིས་སྡོད་བྱས་པའི་ཀྲུང་གོའི་སྤྱི་དམངས་རྒྱལ་ནང་དུ་ཕྱིར་ལོག་ནས་སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་བརྗེ་ལེན་དང་ཡང་ན་གསབ་སྤྲོད་བྱ་རྒྱུའི་རེ་ཞུ་བྱེད་སྐབས། རང་གིས་གནས་སྐབས་སྡོད་སའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞིར་ཞུ་དགོས།

  ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་དང་གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་བརྗེ་ལེན་དང་ཡང་ན་གསབ་སྤྲོད་བྱ་རྒྱུ་ནི་ཕྱི་འབྲེལ་པུའུ་ཡི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་རྒྱུ།

  དོན་ཚན་བཅུ་གཉིས་པ། ཕྱིར་སྐྱོད་ལག་ཁྱེར་ལ་མིག་གིས་ལྟ་ཐུབ་པ་དང་གློག་རྡུལ་རྩིས་འཁོར་གྱིས་ལྟ་ཐུབ་པའི་ནུས་པ་རིགས་གཉིས་ལྡན།

  ཕྱིར་སྐྱོད་ལག་ཁྱེར་རྫུན་འགོག་གི་ནུས་པ་ནི་རྒྱལ་སྤྱིའི་ལག་རྩལ་གྱི་ཚད་གཞི་ལྟར་གཏན་འབེབས་བྱ་རྒྱུ།

  ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་དང་ལས་བྱེད་མི་སྣས་ཕྱིར་སྐྱོད་ལག་ཁྱེར་བཟོ་བ་དང་ཡང་ན་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲད་པའི་དབང་གིས་སྤྱི་དམངས་མི་སྒེར་གྱི་གནས་ཚུལ་ཤེས་རྟོགས་བྱུང་རིགས་གསང་སྲུང་བྱ་དགོས།

  དོན་ཚན་བཅུ་གསུམ་པ། རེ་ཞུ་བྱེད་མཁན་ལ་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱིས་ཕྱིར་སྐྱོད་ལག་ཁྱེར་མི་སྤྲོད་རྒྱུ།

  (གཅིག) ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མེད་མཁན་དང་།

  (གཉིས།) རང་གི་ཐོབ་ཐང་ར་སྤྲོད་བྱེད་ཐབས་བྲལ་བ།

  (གསུམ།) རེ་ཞུ་བྱེད་རིམ་དུ་རྫུན་བཟོ་བྱས་རིགས།

  (བཞི།) ཁྲིམས་ཆད་བཅད་ནས་ཁྲིམས་ཆད་འཁུར་བཞིན་པ།

  (ལྔ།) དམངས་དོན་སྐོར་གྱི་གྱོད་གཞི་ཐག་གཅོད་མ་ཟིན་པས་མི་དམངས་ཁྲིམས་ཁང་གིས་རྒྱལ་མཚམས་ཕྱིར་འགྲོ་མི་ཆོག་པའི་བརྡ་ཐོ་བཏང་རིགས།

  (དྲུག) ཉེས་དོན་གྱི་གྱོད་གཞིའི་ཞུ་སྦྱོར་ཕྱི་མ་བ་དང་ཡང་ན་དོགས་ཡོད་ཉེས་ཅན་ཁོངས་སུ་གཏོགས་རིགས།

  (བདུན།) རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གིས་རྒྱལ་མཚམས་ཕྱིར་བསྐྱོད་རྗེས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་ཡང་ན་རྒྱལ་ཁབ་ཀྱི་ཁེ་ཕན་ལ་གྱོང་གུན་ཚབས་ཆེན་བཟོ་བར་སྙམ་པ་བཅས་ཡིན།

  དོན་ཚན་བཅུ་བཞི་བ། རེ་ཞུ་བྱེད་མཁན་ལ་གཤམ་གསལ་གྱི་གནས་ཚུལ་དག་ལས་རིགས་གཅིག་ཡོད་ཚེ་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱིས་དེའི་ཉེས་ཆད་ལག་བསྟར་ཚར་བའམ་ཡང་ན་རང་རྒྱལ་དུ་ཕྱིར་སྐྱེལ་བའི་ཉིན་ནས་བཟུང་གི་ཟླ་དྲུག་ནས་ལོ་གསུམ་བར་དུ་ར་སྐྱོད་ལག་ཁྱེར་མི་སྤྲོད་རྒྱུ།

  (གཅིག) རྒྱལ་མཚམས་(མཐའ་མཚམས་)ཀྱི་དོ་དམ་ལ་གནོད་འཚེ་བཏང་བས་ཉེས་དོན་གྱི་ཉེས་ཆད་ཕོག་རིགས་དང་།

  (གཉིས།) ཁྲིམས་དང་མི་མཐུན་པར་རྒྱལ་མཚམས་ཕྱིར་བསྐྱོད་པ་དང་། ཁྲིམས་དང་མི་མཐུན་པར་ཕྱི་རྒྱལ་དུ་སྡོད་པ། ཁྲིམས་དང་མི་མཐུན་པར་ལས་ཞུགས་བཅས་བྱས་པས་རྒྱལ་ནང་དུ་ཕྱིར་བསྐྱལ་རིགས།

  དོན་ཚན་བཅོ་ལྔ་བ། མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། རྒྱལ་ཁབ་བདེ་འཇགས་ལས་ཁུངས། སྲིད་འཛིན་ལྟ་ཞིབ་ལས་ཁུངས་བཅས་ཀྱིས་གྱོད་དོན་སྒྲུབ་པའི་དགོས་མཁོའི་དབང་གིས་བཅའ་ཁྲིམས་ལྟར་གྱོད་གཞིའི་དོ་བདག་གི་ཕྱིར་སྐྱོད་ལག་ཁྱེར་བཙན་ཉར་བྱས་ཆོག

  གྱོད་གཞིའི་དོ་བདག་གིས་ཕྱིར་སྐྱོད་ལག་ཁྱེར་སྤྲོད་རྒྱུའི་ཁས་མ་བླངས་པར་ནང་གསེས་དོན་ཚན་གོང་མའི་ནང་གཏན་འབེབས་བྱས་པའི་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ལ་གྱོད་གཞིའི་དོ་བདག་གི་ཕྱིར་སྐྱོད་ལག་ཁྱེར་རྩིས་མེད་དུ་གཏོང་རྒྱུའི་རེ་ཞུ་བྱས་ཆོག

  དོན་ཚན་བཅུ་དྲུག་པ། ཕྱིར་སྐྱོད་ལག་ཁྱེར་འཛིན་མཁན་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་མེད་པར་གྱུར་པ་དང་ཡང་ན་ཕྱིར་སྐྱོད་ལག་ཁྱེར་བོར་བ། རྐུ་མ་ཤོར་བ་སོགས་ཀྱི་གནས་ཚུལ་བྱུང་ཚེ་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱིས་ཕྱིར་སྐྱོད་ལག་ཁྱེར་དེ་རྩིས་མེད་དུ་བཏང་བའི་ཁྱབ་བསྒྲགས་བྱ་རྒྱུ།

  རྫུན་བཟོ་དང་བསྒྱུར་བཟོ། བསླུས་ལེན། ཡང་ན་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱིས་ཕྱིར་སྐྱོད་ལག་ཁྱེར་རྩིས་མེད་དུ་བཏང་བའི་ཁྱབ་བསྒྲགས་བྱས་པ་བཅས་ཀྱི་ཕྱིར་སྐྱོད་ལག་ཁྱེར་གོ་མི་ཆོད།

  དོན་ཚན་བཅུ་བདུན་པ། རྫུན་ཐབས་ལ་བརྟེན་ནས་ཕྱིར་སྐྱོད་ལག་ཁྱེར་བསླུས་ལེན་བྱས་ཚེ་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱིས་ཕྱིར་སྐྱོད་ལག་ཁྱེར་རྩིས་ལེན་བྱེད་པ་དང་ཡང་ན་ཕྱིར་སྐྱོད་ལག་ཁྱེར་རྩིས་མེད་དུ་བཏང་བའི་ཁྱབ་བསྒྲགས་བྱ་རྒྱུ་དང་། སྤྱི་བདེ་ལས་ཁུངས་ཀྱིས་སྒོར་ཉིས་སྟོང་ཡན་ནས་ལྔ་སྟོང་མན་བར་གྱི་དངུལ་ཆད་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

  དོན་ཚན་བཅོ་བརྒྱད་པ། མི་གཞན་ལ་རྫུན་བཟོ་དང་བསྒྱུར་བཟོ་བྱས་པའི་ཕྱིར་སྐྱོད་ལག་ཁྱེར་མཁོ་འདོན་བྱས་པ་དང་། ཡང་ན་ཕྱིར་སྐྱོད་ལག་ཁྱེར་བཙོང་ཚེ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ་དང་། ཉེས་དོན་གྱི་ཉེས་ཆད་གཅོད་རྒྱུའི་ཚད་ལ་སླེབས་མེད་རིགས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་འགལ་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ། ཉིན་བཅུ་ཡན་ནས་ཉིན་བཅོ་ལྔ་མན་བར་གྱི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་དང་སྒོར་ཉིས་སྟོང་ཡན་ནས་ལྔ་སྟོང་མན་བར་གྱི་ཆད་པ་གཅོད་རྒྱུ། ཁྲིམས་དང་མི་མཐུན་པའི་ཕྱིར་སྐྱོད་ལག་ཁྱེར་དང་དེའི་པར་རྒྱག་བཟོ་སྐྲུན་བྱེད་པའི་སྒྲིག་ཆས་རྣམས་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་ལེན་བྱ་རྒྱུ།

  དོན་ཚན་བཅུ་དགུ་བ། རྫུན་བཟོ་དང་ཡང་ན་བསྒྱུར་བཟོ་བྱས་པའི་ཕྱིར་སྐྱོད་ལག་ཁྱེར་སྤྱོད་པ་དང་། ཡང་ན་མི་གཞན་གྱི་ཕྱིར་སྐྱོད་ལག་ཁྱེར་རྫུན་སྤྱད་བྱས་ནས་རྒྱལ་མཚམས་(མཐའ་མཚམས་)སུ་འགྲོ་འོང་བྱས་རིགས། སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་མཚམས་འགྲོ་འོང་དོ་དམ་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ་དང་། ཁྲིམས་དང་མི་མཐུན་པའི་ཕྱིར་སྐྱོད་ལག་ཁྱེར་དེ་སྤྱི་བདེ་ལས་ཁུངས་ཀྱིས་རྩིས་ལེན་བྱ་རྒྱུ།

  དོན་ཚན་ཉི་ཤུ་བ། ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཕྱིར་སྐྱོད་ལག་ཁྱེར་སྒྲུབ་པའི་གོ་རིམ་ཁྲོད་གཤམ་གསལ་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ་བཅའ་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་རྒྱུ་དང་། བྱས་ཉེས་སུ་གྲུབ་རིགས་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་གཏོང་རྒྱུ།

  (གཅིག) བདག་སྤྲོད་བྱེད་འོས་མོད་བདག་སྤྲོད་མ་བྱས་པ་དང་།

  (གཉིས།) ཚུལ་མཐུན་གྱི་རྒྱུ་མཚན་མེད་པར་ཁྲིམས་བཀོད་ཀྱི་གཏན་འབེབས་དུས་ཚད་ནང་ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་མ་སྤྲད་པ།

  (གསུམ།) རྒྱབ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་ལས་བརྒལ་བའི་འགྲོ་གྲོན་བླངས་པ།

  (བཞི།) རེ་ཞུ་བྱེད་མཁན་ས་ནས་ལྐོག་ངན་སློང་ལེན་བྱས་པ།

  (ལྔ།) ཕྱིར་སྐྱོད་ལག་ཁྱེར་བཟོ་བ་དང་ཆོག་མཆན་བཀོད་ནས་སྤྲོད་པའི་དབང་གིས་ཤེས་རྟོགས་བྱུང་བའི་སྤྱི་དམངས་མི་སྒེར་གྱི་ཆ་འཕྲིན་ཕྱིར་བསྒྲགས་ཏེ་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ།

  (དྲུག) འགན་དབང་གང་བྱུང་དུ་སྤྱོད་པ་དང་། ལས་འགན་སྣང་མེད་ལྷོད་གཡེང་དུ་བཏང་བ། ཉེར་ཕྱོགས་གཡོ་ཟོལ་བྱས་པ་བཅས་ཀྱི་སྤྱོད་ཚུལ་གཞན་དག་བཅས་ཡིན།

  དོན་ཚན་ཉེར་གཅིག་པ། སྤྱིར་བཏང་གི་ཕྱིར་སྐྱོད་ལག་ཁྱེར་གྱི་དབྱིབས་གཟུགས་སྤྱི་བདེ་པུའུ་ཡིས་གཏན་འབེབས་དང་ལྟ་ཞིབ་བྱས་ནས་བཟོ་རྒྱུ་དང་། ཕྱི་འབྲེལ་ཕྱིར་སྐྱོད་ལག་ཁྱེར་དང་གཞུང་དོན་ཕྱིར་སྐྱོད་ལག་ཁྱེར་གྱི་དབྱིབས་གཟུགས་ཕྱི་འབྲེལ་པུའུ་ཡིས་གཏན་འབེབས་དང་ལྟ་ཞིབ་བྱས་ནས་བཟོ་རྒྱུ།

  དོན་ཚན་ཉེར་གཉིས་པ། ཕྱིར་སྐྱོད་ལག་ཁྱེར་ཆོག་མཆན་བཀོད་ནས་སྤྲོད་མཁན་ལས་ཁུངས་ཀྱིས་ཕྱིར་སྐྱོད་ལག་ཁྱེར་གྱི་མ་གནས་གྲོན་དངུལ་དང་ནང་དོན་ཁ་གསབ་གྲོན་དངུལ་བསྡུ་ལེན་བྱས་ཆོག མ་གནས་གྲོན་དངུལ་དང་ནང་དོན་ཁ་གསབ་གྲོན་དངུལ་བསྡུས་རིགས་རྒྱལ་མཛོད་ལ་གོང་འབུལ་ཞུ་དགོས།

  ཕྱིར་སྐྱོད་ལག་ཁྱེར་གྱི་མ་གནས་གྲོན་དངུལ་དང་ནང་དོན་ཁ་གསབ་གྲོན་དངུལ་གྱི་ཚད་གཞི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རིན་གོང་སྲིད་འཛིན་སྡེ་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནོར་སྲིད་སྡེ་ཁག་དང་མཉམ་དུ་གཏན་འབེབས་བྱས་ནས་སྤྱི་བསྒྲགས་བྱ་རྒྱུ།

  དོན་ཚན་ཉེར་གསུམ་པ། ཕྱི་རྒྱལ་དུ་ཡུན་ཐུང་བའི་སྤྱི་དམངས་ཀྱིས་ཕྱི་རྒྱལ་དུ་ཕྱིར་སྐྱོད་ལག་ཁྱེར་བོར་བ་དང་རྐུ་མ་ཤོར་བའམ་དབྲལ་སྐྱོན་བཅས་བྱུང་བ་ལས་བེད་སྤྱོད་མི་ཐུབ་པའི་གནས་ཚུལ་བྱུང་ཚེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱིར་སྡོད་གཞུང་ཚབ་ལས་ཁུངས་དང་། གཞུང་ཚབ་དོན་གཅོད་ཁང་། ཡང་ན་ཕྱི་འབྲེལ་པུའུ་ཡིས་མངགས་བཅོལ་བྱས་པའི་ཕྱིར་སྡོད་སྒྲིག་གཞི་གཞན་དག་བཅས་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཡུལ་སྐོར་ལག་ཁྱེར་ཡོང་རེ་ཞུ་དགོས།

  དོན་ཚན་ཉེར་བཞི་བ། སྤྱི་དམངས་ཀྱིས་མཐའ་མཚམས་ཉོ་འཚོང་དང་མཐའ་མཚམས་ཡུལ་སྐོར་ཞབས་ཞུ་སྤེལ་བ་དང་། ཡང་ན་མཐའ་མཚམས་ཡུལ་སྐོར་ནང་ཞུགས་པ་སོགས་ཀྱི་གནས་ཚུལ་བྱུང་ཚེ། སྤྱི་བདེ་པུའུ་ཡིས་མངགས་བཅོལ་བྱས་པའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་རྒྱལ་མཚམས་འགྲོ་འོང་དོ་དམ་སྒྲིག་གཞི་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འགྲོ་འོང་གི་ལམ་ཤོག་ཡོང་རེ་ཞུས་ཆོག

  དོན་ཚན་ཉེར་ལྔ་བ། སྤྱི་དམངས་ཀྱིས་མཚོ་འགྲུལ་གྲུ་བའི་ཐོབ་ཐང་ལ་བརྟེན་ནས་རྒྱལ་མཚམས་ལ་འགྲོ་འོང་བྱེད་པ་དང་ཕྱི་རྒྱལ་གྱི་མཚོ་གྲུའི་ཐོག་ལས་ཀ་བྱེད་ན། འགྲིམ་འགྲུལ་པུའུ་ཡིས་མངགས་བཅོལ་བྱས་པའི་མཚོ་དོན་དོ་དམ་སྒྲིག་གཞི་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཚོ་འགྲུལ་གྲུ་བའི་ལག་ཁྱེར་ཡོང་རེ་ཞུ་དགོས།

  དོན་ཚན་ཉེར་དྲུག་པ། བཅའ་ཁྲིམས་འདི2007ལོའི་ཟླ1ཚེས1ཉིན་ནས་ལག་ལེན་བསྟར་དགོས། བཅའ་ཁྲིམས་འདི་ལག་ལེན་མ་བསྟར་གོང་ཆོག་མཆན་བཀོད་ནས་སྤྲད་པའི་ཕྱིར་སྐྱོད་ལག་ཁྱེར་ནི་གོ་ཆོད་པའི་དུས་ཡུན་ནང་མུ་མཐུད་དུ་གོ་ཆོད་ཡོད།