ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་བཅའ་ཁྲིམས།(8)

  ལེའུ་བཞི་བ།སྲོག་ཆགས་ཀྱི་རིམས་ནད་ཚོད་འཛིན་དང་མེད་པར་གཏོང་དགོས་པ།

  དོན་ཚན་སོ་གཅིག་པ།སྲོག་ཆགས་ཀྱི་རིམས་ནད་རིགས་དང་པོ་ཐོན་སྐབས་ཚོད་འཛིན་དང་མེད་པར་གཏོང་ཐབས་གཤམ་གསལ་གྱི་ཕྱོགས་འགའ་ངེས་པར་དུ་ལག་བསྟར་བྱེད་དགོས་པ་སྟེ།

  གཅིག ས་གནས་དེའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གིས་མྱུར་དུ་མི་མངགས་ནས་རིམས་ནད་བྱུང་སར་སོང་སྟེ།རིམས་ནད་འབྱུང་གཞིར་རྟོག་ཞིབ་བྱས་ནས། རིམ་པ་དེའི་མི་དམངས་སྲིད་གཞུང་ལ་རིམས་ནད་བྱུང་ས་བཀག་སྡོམ་བྱེད་རྒྱུ་དུས་ཐོག་ཏུ་སྙན་སེང་ཞུ་དགོས། རིམས་ནད་བྱུང་ས་སྲིད་འཛིན་ས་ཁོངས་གཉིས་ཡན་དང་འབྲེལ་བ་ཡོད་ཚེ། འབྲེལ་ཡོད་སྲིད་འཛིན་ས་ཁོངས་ཀྱིས་མཉམ་དུ་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གིས་རིམས་ནད་བྱུང་ས་བཀག་སྡོམ་བྱེད་པའམ་ཡང་ན་འབྲེལ་ཡོད་སྲིད་འཛིན་ཁག་སོ་སོའི་རིམ་པ་གཅིག་གིས་མཐོ་བའི་མི་དམངས་སྲིད་གཞུང་གིས་མཉམ་དུ་རིམས་ནད་བྱུང་ས་བཀག་སྡོམ་བྱེད་དགོས། དགོས་པ་ཡོད་ཚེ་གོང་རིམ་མི་དམངས་སྲིད་གཞུང་གིས་རིམ་པ་གཅིག་གིས་དམའ་བའི་མི་དམངས་སྲིད་གཞུང་ལ་རིམས་ནད་བྱུང་ས་བཀག་སྡོམ་བྱེད་རྒྱུར་འགན་དཀྲིས་ཆོག

  གཉིས། རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྡེ་ཁག་དང་ལས་ཁུངས་རྩ་འཛུགས་བྱས་ཏེ་རིམས་ནད་བྱུང་ས་བཀག་སྡོམ་བྱེད་པ་དང་། ཁ་བཀར་བ། གསོད་པ། མེད་པར་གཏོང་བ། དུག་སེལ་བ། གནོད་མེད་ཐག་གཅོད་བྱེད་པ། བྲེལ་མྱུར་སྒོས་འགོ་ནད་ལས་ཐར་བའི་སྨན་ཁབ་རྒྱག་པ་སོགས་བཙན་ཤེད་རང་བཞིན་གྱི་བྱེད་ཐབས་སྤྱད་དེ་རིམས་ནད་མྱུར་དུ་མེད་པར་གཏོང་དགོས།

  གསུམ། བཀག་སྡོམ་བྱེད་རིང་རིམས་ནད་འགོས་པ་དང་། རིམས་ནད་འགོས་པ་དང་འདྲ་བ། རིམས་ནད་མཆེད་སླ་བ་བཅས་ཀྱི་སྲོག་ཆགས་དང་སྲོག་ཆགས་ཐོན་རྫས་རིམས་ནད་བྱུང་ས་ནས་ཕྱིར་འབུད་རྒྱུ་གཏན་འགོག་བྱེད་པ་དང་། རིམས་ནད་བྱུང་མེད་པའི་ས་ཁུལ་གྱི་རིམས་ནད་འགོ་སླ་བའི་སྲོག་ཆགས་རིམས་ནད་བྱུང་སར་སྐྱོད་རྒྱུ་གཏན་འགོག་བྱེད་དགོས་པར་མ་ཟད། སྲོག་ཆགས་ཀྱི་རིམས་ནད་མེད་པར་གཏོང་བའི་དགོས་མཁོ་གཞིར་བཟུང་སྟེ་རིམས་ནད་བྱུང་སར་འགྲོ་བཞིན་པའི་མི་དང་སྐྱེལ་འདྲེན་ཡོ་བྱད། འབྲེལ་ཡོད་དངོས་རྫས་སོགས་ལ་དུག་སེལ་བྱེད་པ་དང་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་གཞན་པ་ལག་བསྟར་བྱེད་དགོས།