ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོག་ཆགས་རིམས་ནད་འགོག་བཅོས་བཅའ་ཁྲིམས།(4)

  དོན་ཚན་བཅུ་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གིས་སྲོག་ཆགས་ཀྱི་རིམས་ནད་བྱུང་བ་དང་མཆེད་ཚུལ་ལ་སྔོན་དཔག་བྱས་པ་གཞིར་བཟུང་སྟེ། ངེས་པར་དུ་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་གྱི་སྔོན་ཚུད་ཉེན་རྡབ་དུས་ཐོག་ཏུ་གཏོང་དགོས།ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་གྱི་ཉེན་བརྡ་འབྱོར་རྗེས། དེ་དང་མཐུན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་ལེན་ཏུ་བསྟར་དགོས།

  དོན་ཚན་བཅུ་བདུན་པ། སྲོག་ཆགས་གསོ་སྤེལ་བྱེད་པ་དང་། བཤས་གཏོང་། ཚོང་གཉེར། ཁ་བཀར་བ། སྐྱེལ་འདྲེན་དང་དེ་བཞིན་སྲོག་ཆགས་ཀྱི་ཐོན་རྫས་ཐོན་སྐྱེད་དང་། ཚོང་གཉེར། ལས་སྣོན། ཉར་ཚགས་སོགས་ཀྱི་བྱ་བ་སྒྲུབ་པའི་ལས་ཁུངས་དང་མི་སྒེར་གྱིས་བཅའ་ཁྲིམས་དེ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གྱི་གཏན་འཁེལ་གཞིར་བཟུང་སྟེ་འགོ་ནད་ལས་ཐར་བའི་སྨན་ཁབ་རྒྱག་པ་དང་དུག་སེལ་སོགས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱ་བ་བཟང་བོར་སྒྲུབ་དགོས།

  དོན་ཚན་བཅོ་བརྒྱད་པ། སོན་བྱེད་དང་འོ་སྤྱོད་སྲོག་ཆགས་དང་གཅེས་ཉར་སྲོག་ཆགས་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱས་པའི་བདེ་ཐང་གི་ཚད་གཞི་དང་ངེས་པར་དུ་མཐུན་པར་ཡོང་བ་བྱེད་དགོས།

  སོན་བྱེད་དང་འོ་སྤྱོད་སྲོག་ཆགས་ལ་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཁུངས་ཀྱིས་དུས་ཚོད་གཏན་འཁེལ་བྱས་པ་ལྟར་བརྟག་ཞིབ་ཚད་ལེན་བྱེད་དགོས།བརྟག་ཞིབ་ཚད་ལེན་བྱས་ནས་ཚད་མ་ལོན་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱས་པ་ལྟར་ཆད་གཅོད་བྱེད་དགོས།

  དོན་ཚན་བཅུ་དགུ་བ། སྲོག་ཆགས་གསོ་སྤེལ་བྱེད་ས་དང་།ཁ་བཀར་ས།སྲོག་ཆགས་བཤས་གཏོང་ལས་སྣོན་བྱེད་ས། དེ་མིན་སྲོག་ཆགས་དང་སྲོག་ཆགས་ཀྱི་ཐོན་རྫས་གནོད་མེད་ཅན་དུ་ཐག་གཅོད་བྱེད་ས་བཅས་གཤམ་གསལ་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་ཆ་རྐྱེན་དང་ངེས་པར་དུ་མཐུན་པར་བྱེད་དགོས་པ་སྟེ།

  གཅིག སྲོག་ཆགས་གསོ་སྤེལ་བྱེད་ས་དང་སྡོད་དམངས་ཀྱི་འཚོ་བ་རོལ་ས།འཐུང་ཆུ་འབྱུང་ཡུལ།སློབ་གྲྭསྨན་ཁང་སོགས་སྤྱི་པའི་བྱ་འགུལ་སྤེལ་སའི་བར་གྱི་གྱང་ཐག་གི་ཚད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱས་པའི་ཚད་གཞི་དང་མཐུན་པར་བྱེད་དགོས་པ་དང་།

  གཉིས། ཐོན་སྐྱེད་བྱེད་ས་ལོགས་སུ་བཀོད་སྒྲིག་དང་།བཟོ་སྐྲུན་ཇུས་འགོད་དང་བཟོ་རྩལ་གྱི་བཟོ་རིམ་བཅས་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་རེ་བ་དང་མཐུན་པར་བྱེད་དགོས།

  གསུམ། དེ་ལ་དེ་མཚུངས་ཀྱི་བཙོག་ཆུ་དང་།བཙོག་རྫས།ན་ནས་ཤི་བ་དང་འགོ་ནད་ཕོག་པའི་སྲོག་ཆགས་ཀྱི་ཐོན་རྫས་བཅས་གནོད་མེད་དུ་གཏོང་བའི་ཐག་གཅོད་སྒྲིག་ཆས་དང་ཡོ་བྱད།གཙང་འཁྲུད་དུག་སེལ་བྱེད་པའི་སྒྲིག་ཆས་དང་ཡོ་བྱད་འཛོམས་དགོས།

  བཞི། དེར་ཞབས་ཕྱི་སྒྲུབ་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་ལག་རྩལ་མི་སྣ་བཀོད་སྒྲིག་བྱེད་དགོས།

  ལྔ། འཐུས་སྒོ་ཚང་བའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་ལམ་ལུགས་འཛུགས་དགོས།

  དྲུག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱུགས་ནད་སྨན་བཅོས་གཙོ་གཉེར་སྡེ་ཁག་གིས་གཏན་འཁེལ་བྱས་པའི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་པའི་ཆ་རྐྱེན་གཞན་པ་འཛོམས་དགོས།