མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དབང་གྲགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོར། ང་ཚོས་མཚོ་སྔོན་ཤར་ལྷོའི་མཚམས་ཁུལ་གྱི་ཡུལ་སྐོར་དང་སྐྱེ་ཁམས། རིག་གནས་འགྲེམ་སྟོན་སོགས་ཀྱི་འཐབ་ཇུས་ངེས་གནས་དང་། སྐྱེ་ཁམས་ཡུལ་སྐོར་གྱི་ཐོན་ལས་ཀྱི་ཤོང་ཚད་རྒྱ་བསྐྱེད་པ་དང་སྤུས་ཀ་མཐོར་འདེགས་སུ་གཏོང་བ། ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་ཆས་འཐུས་ཚང་དུ་གཏོང་བ། ཁྱད་ལྡན་ཐོན་རྫས་དང་ཟོང་རྟགས་ཀྱི་བྱ་འགུལ་བསྐྲུན་པ། རིག་གནས་ཡུལ་སྐོར་གྱིIPཤུགས་རྐྱེན་མཐོ་རུ་གཏོང་བའི་ལྟེ་བའི་ཁ་ཕྱོགས་ཆེན་པོ་བཞི་ལ་དམིགས་ཏེ། ཞིང་ཆེན་ཡོངས་ཀྱི་ལྟེ་བ་གཅིག་དང་གདུབ་གཅིག་སྣེ་མང་པོའི་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཁྲོད་རང་འགུལ་སྒོས་ཟབ་ཞུགས་བྱས་ནས། ནུས་ཤུགས་ཡོད་རྒུས་མཚོ་སྔོན་ཤར་ལྷོ་ས་ཁུལ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ལྟེ་བའི་འདེགས་སྐྱོར་གནས་བསྐྲུན། མིག་སྔའི་བར། རྨ་ལྷོ་ཁུལ་གྱིས་བསྡོམས་པས་སྣེ་ལེན་བྱས་པའི་ཡུལ་སྐོར་བ་ས་ཡ་བདུན་དང་འབུམ་དྲུག་ཁྲི་གཅིག་སྟོང་བདུན་ལ་སླེབས་ཡོད་པ་དང་། ཡུལ་སྐོར་པའི་འཛད་སྤྱོད་བྱས་པའི་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་དྲུག་བྱེ་བ་ལྔ་ལ་སླེབས་ཡོད་པ་མ་ཟད་དུས་མཉམ་ལས12.6%འཕར་ཡོད་པ་དང་། རིག་གནས་ཡུལ་སྐོར་གྱི་འཕེལ་རྒྱས་གནས་བབ་ཧ་ཅང་བཟང་ཟེར།
མཛེས་ལྗོངས་ཁུལ་གྱི་སྤུས་ཀ་མཐོར་འདེགས་ཐད་རྨ་ལྷོ་ཁུལ་གྱིས་རྒྱལ་ཁབ་རིམ་པའི་རང་བྱུང་སྤྱི་གླིང་བདུན་སྐྱེ་ཁམས་ཡུལ་སྐོར་གྱི་མཛེས་ལྗོངས་ཁུལ་གྱི་ཚོད་ལྟའི་འཆར་འགོད་ཁྲོད་བཞག་ཡོད་པ་དང་། རྩེ་ཁོག་རྫོང་གི་སྐྱིད་པོ་རི་དང་ཁམས་རའི་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱི4A རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་ཡོད། ཐུན་རིན་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་གྱི་སྣེ་ལེན་གནས་བཞི་གྲོང་གསེབ་ཡུལ་སྐོར་གྱི་སྐར་བཞི་རིམ་པའི་སྣེ་ལེན་གནས་སུ་བདམས། དེ་ལས་གཞན། རྨ་ལྷོ་ཁུལ་གྱིAརིམ་པའི་མཛེས་ལྗོངས་ཁུལ་བསྡོམས་པས21ཡོད་པ་དང་། མཛེས་ལྗོངས་ཁུལ་གྱི་ཤོང་ཚད་མུ་མཐུད་དུ་རྒྱ་བསྐྱེད་བཞིན་ཡོད།
མིག་སྔར། རྨ་ལྷོ་ཁུལ་གྱིས་རིག་གནས་ཡུལ་སྐོར་གྱི་ཚོང་གཉེར་བྱེད་པོ600ལྷག་གསོ་སྐྱོང་བྱས་ཡོད་པ་དང་། མི་ཁྲི་བཞི་ལྷག་གི་ལས་ཞུགས་ལ་སྐུལ་ཁྲིད་བྱས་ཤིང་། རིམ་བཞིན་རེབ་གོང་རིག་གནས་དང་མདའ་སྟོན་རིག་གནས། སོག་བོད་རིག་གནས། འབྲོག་པའི་རིག་གནས་བཅས་ཁུལ་ཁོངས་ཆེན་པོ་བཞིའི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་གྲུབ་ཡོད། ད་ལོའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བརྒྱད་པ་དང་། མཚོ་སྔོན་གྱི་རིམ་འདས་རྐང་དྲུག་མཉམ་འབྲེལ་འགྲན་སྡུར་ལས་རྨ་ལྷོའི་འགྲན་ཁུལ་གྱི་འགྲན་སྡུར་བདེ་བླག་ངང་འགན་སྒྲུབ་བྱས་ལ། རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་སོགས་མུ་འབྲེལ་བྱ་འགུལ་རབ་དང་རིམ་པ་སྤེལ་ནས། ཞིང་ལས་དང་ལུས་རྩལ། རིག་གནས་ཡུལ་སྐོར་ཚོང་ལས་བཅས་གཏིང་ཟབ་ཏུ་མཉམ་འདྲེས་འཕེལ་རྒྱས་བཏང་ཞིང་། རིག་གནས་ཡུལ་སྐོར་གྱི་འཛད་སྤྱོད་ཡུལ་རྣམ་ཕུན་སུམ་ཇེ་ཚོགས་སུ་གྱུར།
གཞན་ཡང་། རྨ་ལྷོ་ཁུལ་གྱིས་དྲིལ་བསྒྲགས་ཐབས་ལམ་ཧུར་ཐག་གིས་རྒྱ་བསྐྱེད་དེ། ས་ཁོངས་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་མུ་མཐུད་དུ་མཐོ་རུ་བཏང་ཡོད། “རབ་མཛེས་མཚོ་སྔོན། ངོ་མཚར་སྟོང་གི་རྨ་ལྷོའི”འོས་སྦྱོར་ཚོགས་འདུ་བསྡུས་པ་དང་། “རྨི་ལམ་གྱི་འགྲུལ་བཞུད”སོགས་མུ་འབྲེལ་རིག་གནས་ཡུལ་སྐོར་ཐོན་རྫས་ཆེན་པོ16བཏོན་པ་དང་། འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི“ཐང་གའི་སྒྱུ་རྩལ་ཀྱི་ཕ་ས”དང“དྲུག་པའི་ཀླུ་རོལ”འཁྲབ་སྟོན་གྱི་འཛམ་གླིང་གི་ཟིན་ཐོ་གཉིས་བཏོན་ནས། རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་ཟོང་རྟགས་ཀྱི་སྟོབས་ནུས་གསར་པ་བསྣན་ཡོད།