མཚོ་ལྷོ་ཁུལ་གྱིས་དབང་པོ་སྐྱོན་ཅན་ལ་འཚོ་བའི་བདག་སྐྱོང་ཁ་གསབ་སྒོར་ཁྲི1217བྱིན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

ཟླ11ཚེས12ཉིན་གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དམངས་སྲིད་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། མཚོ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡིས་དོ་དམ་ཞབས་ཞུའི་ལམ་སྲོལ་མུ་མཐུད་དུ་ཇེ་ལེགས་སུ་བཏང་སྟེ“ཁ་གསབ་གཉིས”ཀྱི་འགན་སྲུང་ཕན་འབྲས་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་། མིག་སྔའི་བར། རིམ་རྩིས་བྱས་ན་དབང་པོ་སྐྱོན་ཅན5699ལ་འཚོ་སྐྱོང་ཁ་གསབ་སྒོར་ཁྲི་574.39ལྷག་སྤྲད་པ་དང་། དབང་པོ་སྐྱོན་ཅན6492ལ་ལྟ་སྐྱོང་ཁ་གསབ་སྒོར་ཁྲི643.5་སྤྲད་པ་ལས་མིག་མཐོང་ལག་ཟིག་སྒོས་དབང་པོ་སྐྱོན་ཅན་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་བདེ་འཇགས་ལ་འགན་སྲུང་བྱས།

མཚོ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡིས་གནད་འཁེལ་གཏོང་སྤྲོད་བྱེད་རྒྱུ་ལྟེ་བའི་ལས་འགན་ལ་བརྩིས་ནས་ཁ་གསབ་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སྡེ་ཚན་གྱི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་སྦྲེལ་མཐུད་ལམ་སྲོལ་བཙུགས་ཏེ་ཁ་གསབ་སྤྲོད་པའི་གཞི་གྲངས་དང་། དབང་པོ་སྐྱོན་ཅན་གྱི་དོན་དངོས་གནས་ཚུལ། ཁ་གསབ་ཐོབ་ཐང་གི་རིགས་སོགས་ཀྱི་ཆ་འཕྲིན་ལ་རེ་རེ་བཞིན་ཞིབ་བཤེར་བྱས། གཞི་གྲངས་ཆེན་མོའི་འཐེན་བཤེར་དང་ཡུལ་དངོས་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཆ་རྐྱེན་དང་མཐུན་པའི་རེ་ཞུ་ཁ་གསབ་མི་སྣར་དུས་ཐོག་ཏུ་བརྡ་ཐོ་བཏང་ནས་རེ་ཞུའི་འགྲོ་ལུགས་བསྒྲུབས་པ་དང་། ལོངས་སྤྱོད་ཀྱི་ཆ་རྐྱེན་དང་མི་མཐུན་པའི་མི་ལ་གོ་རིམ་ལྟར་མེད་པར་བཏང་ནས་སྤྲོད་མཚམས་འཇོག་ཏུ་བཅུག་སྟེ“ཁ་གསབ་བྱ་དགོས་པའི་རིགས་ཁ་གསབ་བྱེད་པ་དང་། འགན་སྲུང་བྱ་དགོས་པའི་རིགས་འགན་སྲུང་བྱེད་པ། ཕྱིར་སློག་བྱ་དགོས་པའི་རིགས་ཕྱིར་སློག་བྱེད་པ”བཅས་ཀྱི་གནས་ཚུལ་ནུས་ལྡན་སྒོས་དོ་དམ་བྱས། སྲིད་ཇུས་ཀྱི་བླང་བྱ་དང་གཏོང་སྤྲོད་ཚད་གཞི་ལྟར། ཞིབ་བསྡུར་ནན་མོ་བྱས་ཏེ་རྩིས་བཤེར་ལས་ཕྱིར་ལྡོག་བྱས་པའི་གནད་དོན470ལ། “གཞི་གྲངས་ཀྱི་བསྡུར་ཚད་དང་། ཡུལ་དངོས་ཞིབ་བསྡུར། ཁ་པར་ཐོག་ནས་ཞིབ་བསྡུར”བཅས་ཀྱི་བྱེད་ཐབས་སྤྱད་དེ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། ཡུལ་ཚོ(གྲོང་རྡལ)གྲོང་ཚོ(སྡེ་ཁུལ)བཅས་དང་མཉམ་འབྲེལ་བྱས་ཏེ་དོགས་གཞི་ཆེ་བའི་གཞི་གྲངས་ཀྱི་ཁུངས་དེད་ནས་རེ་རེ་བཞིན་ཞིབ་བསྡུར་དང་གནས་ཚུལ་མི་འདྲ་བའི་རིགས་ལ་དེ་མཐུན་གྱི་སྲིད་ཇུས་ལག་ལྟར་བྱས།

དུས་མཚུངས་སུ། མཚོ་ལྷོ་ཁུལ་དམངས་སྲིད་ཅུའུ་ཡིས“དྲ་ཐོག་དང་ཡུལ་དངོས་ཟུང་འབྲེལ་བྱེད་པའི”ལངས་གཟུགས་ཅན་གྱི་དྲིལ་སྒྲོག་བྱེད་ཐབས་སྤྱད་དེ། ཡུལ་ཚོ(སྡེ་ཁུལ)ལ་དམངས་ཕན་ཞབས་ཞུའི་ལྟེ་གནས་སྲིད་ཇུས་བློ་འདྲི་བྱེད་ས་བཙུགས་ནས། དབང་པོ་སྐྱོན་ཅན་དང་དེའི་ནང་མིར“ཁ་གསབ་ཁག་གཉིས”ཀྱི་གཏན་འཁེལ་ཆ་རྐྱེན་དང་། རེ་ཞུའི་བརྒྱུད་རིམ། ཞིབ་མཆན་གྱི་གོ་རིམ། ཁ་གསབ་ཚད་གཞི་བཅས་ཞིབ་ཕྲའི་སྒོ་ནས་གསལ་འགྲེལ་བྱས། མིག་སྔའི་བར་དུ། རིམ་རྩིས་བྱས་ན་ཁྱིམ་ཚང་དུ་མི་ཐེངས1103ལ་འཚམས་འདྲིར་བསྐྱོད་དེ། དྲིལ་སྒྲོག་ལག་དེབ3000ལྷག་ཙམ་སྤྲད་པ་དང་བློ་འདྲི་ཐེངས500ལྷག་ཙམ་དང་ལེན་བྱས་ཡོད། “དམ་ལྷོད་ཞབས་ཞུ”མུ་མཐུད་དུ་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་སྒྲུབ་པའི་གོ་རིམ་ཁྲོད“སྒེའུ་ཁུང་གཅིག་ནས་བདག་སྤྲོད་དང་དུས་གཅིག་ཏུ་གཏན་འཁེལ”གྱི་ཞབས་ཞུ་ཁྱབ་གདལ་བཏང་བ་དང་ཆབས་ཅིག་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་ཐོབ་ཐང་ལ་ཞིབ་དཔྱད་བྱ་རྒྱུ་ལེགས་སྒྲུབ་བྱས་ཏེ་མང་ཚོགས“ཐེངས་མང་པོར་རྒྱུག་པ་དང་ཕར་འགྲོ་ཚུར་འོང་བྱེད་པའི”གནས་ཚུལ་མེད་པར་བྱས།  རྒན་པ་དབང་པོ་སྐྱོན་ཅན་དང་དེ་བཞིན་འགྲོ་འདུག་སྟབས་མི་བདེ་བའི་ཚོགས་སྤྱིར་ཁ་ཕྱོགས་ནས་སྒོ་འགྲམ་དུ་ཚབ་སྒྲུབ་དང་རྒྱུ་ཆ་ཚབ་ལེན་སོགས་ཞབས་ཞུ་འདོན་སྤྲོད་བྱས་ཏེ“ཟླ་དེའི་རེ་ཞུ་ཟླ་དེར་སྒྲུབ་ཐུབ”པ་བྱས་ཡོད། མིག་སྔའི་བར་སྒྲུབ་ཟིན་པའི་ལས་དོན1020ཡོད་པ་དང་། མང་ཚོགས་ཀྱི་རེ་ཞུ15འོས་འཚམ་སྒོས་ཐག་གཅོད་བྱས་པ། ཁྱིམ་ཚང་དུ་སོང་ནས་ཞབས་ཞུ་ཐེངས400ལྷག་ཙམ་ཚབ་སྒྲུབ་བྱས།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།