མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11པའི་ཚེས21ཉིན་མཚོ་སྔོན་ཞིང་ཆེན་གྱི་ནུས་ཆེའི་ཆུ་གྲོན་ཆུང་གི་ཞིང་ལས་དཔེ་སྟོན་རྟེན་གཞི་དང་། ཆུ་གྲོན་ཆུང་གི་སློབ་གསོ་སྤྱི་ཚོགས་ལག་ལེན་རྟེན་གཞི། མཚོ་སྔོན་ཞིང་ཆེན་གྱི་ཆུ་གྲོན་ཆུང་དང་། ཐོན་སློབ་ཞིབ་གསུམ་གྱི་དཔེ་སྟོན་རྟེན་གཞི། ཆུ་གྲོན་ཆུང་གི་ཚན་རིག་ཁྱབ་གདལ་ཁང་བཅས་ཁག་དང་པོའི་སྒོ་བྱང་བཀལ།
“ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བ་བྱེད་པ། མ་ལག་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་ཆུ་གྲོན་ཆུང་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཆུ་གྲོན་ཆུང་གི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ཆུ་གྲོན་ཆུང་གི་འདུ་ཤེས་ཟབ་ཏུ་གཏོང་ཆེད། ཞིང་ཆེན་ཆུ་གྲོན་ཆུང་གཞུང་དོན་ཁང་གིས་མཚོ་སྔོན་ཞིང་ཆེན་ས་ཆུ་སྲུང་འཛིན་ལྟེ་གནས་ཁྲང་ལིང་ལུང་ཤུར་སྔོ་འགྱུར་ཁུལ་དེ་ནུས་ཆེ་ཆུ་གྲོན་ཆུང་གི་ཞིང་ལས་དཔེ་སྟོན་རྟེན་གཞི་དང་ཆུ་གྲོན་ཆུང་གི་སློབ་གསོ་སྤྱི་ཚོགས་ལག་ལེན་རྟེན་གཞིར་མིང་འདོགས་པ་དང་། མཚོ་སྔོན་ཀྲུང་ཧྲུའེ་ཆ་འཕྲིན་སྟབས་བདེ་ཚན་རྩལ་ཚད་ཡོད་ཀུང་སི་དེ་མཚོ་སྔོན་ཞིང་ཆེན་གྱི་ཆུ་གྲོན་ཆུང་དང་། ཐོན་སློབ་ཞིབ་གསུམ་གྱི་དཔེ་སྟོན་རྟེན་གཞི་དང་ཆུ་གྲོན་ཆུང་གི་ཚན་རིག་ཁྱབ་གདལ་ཁང་གི་མིང་འདོགས།
ཆུ་གྲོན་ཆུང་གི་རྟེན་གཞི་དང་ཚན་རིག་ཁྱབ་གདལ་ཁང་གི་སྒོ་བྱང་བཀལ་བ་དེ་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་མཉམ་ལས་ལ་ཤུགས་སྣོན་བྱེད་པ། ཆུ་གྲོན་ཆུང་གི་ལག་རྩལ་བཀོལ་སྤྱོད་མཐོར་གཏོང་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། དེ་དང་ཆབས་ཅིག་ཆུ་གྲོན་ཆུང་གི་ཚན་རིག་ཁྱབ་གདལ་ཁང་བསྐྲུན་པས་སྤྱི་དམངས་ལ་ཆུ་གྲོན་ཆུང་གི་སློབ་གསོ་གལ་ཆེན་མཁོ་འདོན་ཐུབ་ནས་ཆུའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་སྤྱི་ཚོགས་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་འགྲོ་རྒྱུ་རེད།
ཐེངས་འདིའི་ཆུ་གྲོན་ཆུང་གི་རྟེན་གཞི་དང་ཚན་རིག་ཁྱབ་གདལ་ཁང་གི་སྒོ་བྱང་ཐོག་མར་བཀལ་བ་དེ་ཐོག་ནས་ཞིང་ཆེན་གྱིས་ཆུའི་ཐོན་ཁུངས་གྲོན་ཆུང་དང་དོ་དམ་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་གྱི་ཡོད་པ་རེད། དུས་མཚུངས་སུ་ཆུ་སྤྱོད་གྲོན་ཆུང་དང་ཚན་རིག་ཁྱབ་གདལ་ཁང་འཛུགས་པ་དེ་ང་ཚོས་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་གྲོན་ཆུང་སློབ་གསོ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་འགྱུར་རྒྱུ་རེད། རྟེན་གཞི3དང་ཚན་རིག་ཁྱབ་གདལ་ཁང1གིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་རྒྱུ་མུ་མཐུད་མཐའ་འཁྱོངས་དང་། ཆུ་གྲོན་ཆུང་གི་ཤེས་བྱ་བརྒྱུད་བསྒྲགས། ཆུ་གྲོན་ཆུང་གི་འདུ་ཤེས་དྲིལ་སྒྲོག ཆུ་གྲོན་ཆུང་གི་རྣམ་པ་གཏོད་པ་བཅས་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱི་ཆུ་སྤྱོད་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་རྒྱུ་རེད།