མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “མཚོ་སྔོན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་ཟི་ལིང་གྲོང་ཁྱེར་དུ‘ལིས་གློག་རྫས་ཚུར་བསྡུའི་ཐོན་ལས་ཀྱི་ཆེད་ཁེ་ཕྱོགས་སྟོན’དང‘མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས(འཕང་འབྲས་དང་། སྟར་བུ། གྲོ་མ་བཅས)ཀྱི་ཆེད་ཁེ་ཕྱོགས་སྟོན’རྣམ་གྲངས་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པའི་དམིགས་ཡུལ་ནི་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། ཆེད་ཁེ་ཕྱོགས་སྟོན་ལ་བརྟེན་ནས་མཚོ་སྔོན་གྱི་གཙོ་གནད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ཏེ་གསར་གཏོད་ཀྱི་སྦྲེལ་ཐག་དང་ཐོན་ལས་ཀྱི་སྦྲེལ་ཐག་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་ཆེད་ཁེ་ཐོན་ལས་ཅན་ནུས་ལྡན་ངང་ལག་བསྟར་བྱ་རྒྱུ་རེད་ཅེས་ཟླ་10ཚེས23ཉིན་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བརྗོད་ཅིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་ཆེད་ཁེ་ཕྱོགས་སྟོན་གྱིས་ཐོན་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་བར་ཞབས་འདེགས་ཞུ་བའི་འདེགས་སྐྱོར་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཆེད་ཁེ་ཕྱོགས་སྟོན་བྱ་བའི་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད།
“ལིས་གློག་རྫས་ཚུར་བསྡུའི་ཐོན་ལས་ཀྱི་ཆེད་ཁེ་ཕྱོགས་སྟོན”རྣམ་གྲངས་ཀྱི་གྲུབ་འབྲས་ཀྱིས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་ལིས་གློག་རྫས་ཚུར་བསྡུའི་ཁྱབ་ཁོངས་ཀྱི་ཁེ་བེད་བདག་ཐོབ་ཁྱབ་ཚུལ་དང་། འགག་རྩའི་ལག་རྩལ་གྱི་ཚད་བརྒལ། ཆེད་ཁེ་ཐོབ་མཁན་གཙོ་བོའི་ཁྱབ་ཚུལ་བཅས་ལ་དབྱེ་ཞིབ་ཡང་དག་བྱས་པ་དང་ལིས་གློག་རྫས་ཚུར་བསྡུའི་གཞི་རྩའི་གོ་དོན་དང་། ཁྱབ་ཁོངས་ཀྱི་གཏན་འབེབས། ཐོན་ལས་དར་རྒྱས་ཀྱི་རྒྱབ་ལྗོངས། ད་སྔའི་འཕེལ་རྒྱས་ཀྱི་གནས་ཚུལ། དེ་བཞིན་མཚོ་སྔོན་གྱི་ལིས་གློག་རྫས་ཚུར་བསྡུའི་ཐད་ཀྱི་ཞིབ་ཕྲའི་གནས་ཚུལ་བཅས་རྒྱས་བཤད་བྱས་ནས་མཚོ་སྔོན་གྱི་ལིས་གློག་རྫས་ཚུར་བསྡུའི་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཐབས་ལམ་ལ་དམིགས་སའི་རང་བཞིན་ལྡན་པའི་ལྟ་ཚུལ་དང་ཐབས་ཇུས་ཀྱི་གྲོས་འགོ་ཁག་གཅིག་བཏོན།
“མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཀྱི་ཆེད་ཁེ་ཕྱོགས་སྟོན”རྣམ་གྲངས་ཀྱི་གྲུབ་འབྲས་ཐོག་ནས་འཕང་འབྲས་དང་། སྟེར་བུ། གྲོ་མ་བཅས་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཆེན་པོ་གསུམ་གྱིས་གོ་ལ་ཧྲིལ་པོ་དང་ཀྲུང་གོའི་ཁྱབ་ཁོངས་ནང་གི་ཁེ་བེད་བདག་ཐོབ་རེ་ཞུའི་གནས་ཚུལ་མདོར་བསྡུས་སོགས་ལ་དབྱེ་ཞིབ་དང་རྒྱས་བཤད་བྱས་པ་དང་། ཆེད་ཁེ་ཟུར་ཚད་ཐོག་ནས་ཐོན་ལས་དེ་དག་གི་ད་སྔའི་འཕེལ་རྒྱས་འགྲོ་ཚུལ་དང་། ཆེད་ཁེ་རེ་ཞུའི་འགྱུར་ལྡོག་འགྲོ་ཚུལ། ས་ཁོངས་རང་བཞིན་གྱི་ཁྱབ་ཚུལ་ཁྱད་ཆོས་བཅས་དང་དེ་བཞིན་འདུན་ཞུ་མཁན་གཙོ་བོའི་བང་རིམ་གྱི་གནས་ཚུལ་སོགས་ལྟེ་བའི་གྲངས་གཞིར་དབྱེ་ཞིབ་བྱས་པ་དང་འབྲེལ་ཐོན་ལས་ཀྱི་འབྱུང་འགྱུར་འཕེལ་རྒྱས་ལ་དམིགས་ཏེ་ཆེད་ཁེ་ཁྱབ་ཚུལ་གྲོས་གཞི་ཡང་བཏོན།
རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། ཞིང་ཆེན་ཤེས་བྱའི་ཐོན་དབང་ཅུའུ་ཡིས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་མཐོ་སློབ་དང་སུའོ་དང་། ལས་རིགས་རྩ་འཛུགས། ཤེས་བྱའི་ཐོན་དབང་གི་ཞབས་ཞུའི་སྒྲིག་གཞི། ཁེ་ལས་དང་དོན་ལས་ལས་ཁུངས་བཅས་ཀྱི་ལས་ཀའི་བརྒྱུད་རིམ་ལ་མཛུབ་ཁྲིད་དང་ཚད་ལྡན་དུ་བཏང་སྟེ་སྔ་རྗེས་སུ་ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་། ནུས་རྒྱུ་གཙང་མ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སོགས་ཁྱབ་ཁོངས16གི་ཆེད་ཁེ་ཕྱོགས་སྟོན་རྣམ་གྲངས19ལག་བསྟར་བྱ་རྒྱུའི་ཁྲིད་སྟོན་བྱས་པ་དང་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་གསར་གཏོད་བྱེད་པོའི་གསར་གཏོད་ཀྱི་སྟོབས་ཤུགས་ཇེ་ཆེར་གཏོང་བ་དང་། ཆེད་ཁེ་བཀོད་པ་ཇེ་ལེགས་སུ་གཏོང་བ། གྲུབ་འབྲས་གཞན་སྒྱུར་བྱེད་ཇེ་མགྱོགས་སུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱས་ཏེ་འབྲེལ་ཡོད་ཐོན་ལས་ཀྱི་སྲ་ཞིང་བརྟན་པའི་སྦྲེལ་ཐག་དང་། གསབ་ཐགསྟོབས་ཆེར་གཏོང་ཐབས། མཁྲེགས་གཏོང་སྦྲེལ་ཐག་བཅས་ལ་འདེགས་སྐྱོར་བྱས་ཡོད།