མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས16ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་སྔའི་བར་ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་63(མུའུ་1ཡི་སྔོ་ཚལ་སྤྱི་ཆིང་0.067)ཙམ་ཐོན་ནས་ཐོན་ཚད་ཏུན་ཁྲི127ཟིན་གྱི་ཡོད། སྔོ་ཚལ་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ས་གནས་ཁག་གི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི138ལ་འཐེན་བཤེར་བྱས་པར་ཚད་ལོན་ཚད98%ཡན་ཟིན་ཡོད། གྲོང་མིའི་“ཤ་ཚལ་སྒོང་གསུམ”གྱི་བདེ་འཇགས་མཁོ་འདོན་ལ་འགན་སྲུང་ནུས་ལྡན་བྱས་ཡོད།
ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་མུ་མཐུད་ལག་བསྟར་བྱས་ཏེ་གཞི་ཁྱོན་ཅན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིར་འགྱིག་ཤོག་ཁྱོན་ཡོངས་ལ་ཁྱབ་པ་དང་། ཆུ་ལུད་གཞི་གཅིག་ཅན། ལྗང་མདོག་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཐོན་སྐྱེད་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་བ་དང་ལྗང་མདོག་ཐོན་སྐྱེད་ཀྱི་ལྟེ་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱས་ནས་སྔོ་ཚལ་ཐོན་ལས་ལྗང་མདོག་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད། ས་མཐོའི་གྲང་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་སྔོ་ཚལ་ཐོན་ལས་ཀྱི་ལྗང་མདོག་སྐྱེ་ལྡན་གྱི་གཞི་གདན་མངོན་གསལ་དོད་པོ་ཡོང་བ་བྱ་ཆེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྔ་རྗེས་སུ་མུའུ་བརྒྱ་དང་མུའུ་སྟོང་གི་སྔོ་ཚལ་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་312དང་། སྔོ་ཚལ་ཚད་ལྡན་གླིང(ཐོན་སྐྱེད་རྟེན་གཞི)163ཞིང་ཆེན་རིམ་པའི་སྔོ་ཚལ་ཐོན་ལས་གླིང3བཅས་བཙུགས་པ། འགག་སྒོས་ཐོ་འགོད་སྙན་སེང་བྱས་པའི་ཕྱིར་གཏོང་སྔོ་ཚལ་རྟེན་གཞི་29བཅས་ཟིན་པར་རྒྱ་ཁྱོན་མུའུ་ཁྲི5.7ཟིན་ཡོད། ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་དང་། མཚོ་ཤར་གྲོང་ཁྱེར་ལུང་མདོ་ཆུས། ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་། ཧོར་གྲོང་ཧོར་རིགས་རང་སྐྱོང་རྫོང་སོགས་སྔོ་ཚལ་རྫོང(ཆུས)དུ་ལྗང་མདོག་སྤུས་ལེགས་ནུས་ཆེའི་བྱ་སྤྱོད་དཔེ་སྟོན་ཁུལ་གསར་སྐྲུན་དང་སྒྲིག་བཀོད་སྔོ་ཚལ་ནུས་པ་མཐོར་གཏོང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་ནུས་ཆེར་གཏོང་གི་བྱ་སྤྱོད་མུའུ་ཁྲི40ལག་བསྟར་བྱས་པ་དང་སྔོ་ཚལ་དང་ཆུ་ལུད་གཞི་གཅིག་ཅན་གྱི་མུའུ་ཁྲི་10དཔེ་སྟོན་ཁྱབ་གདལ་བཏང་།
དེ་དང་ཆབས་ཅིག་ཟི་ལིང་མཚོ་ཤར་གྲོང་ཁྱེར་གཉིས་ཀྱི་ཤང་ཀང་དུ་མཁོ་འདོན་བྱེད་པའི་སྔོ་ཚལ་འདུས་སྡོད་ཁུལ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་སྒྲིག་བཀོད་སྔོ་ཚལ་དང་། ཐང་སྟེང་སྔོ་ཚལ། བསྐྱར་འདེབས་སྔོ་ཚལ། ས་བོན་དང་ལྗང་པ་གསོ་སྤེལ། བཟའ་བྱའི་ཤ་མོ་ཐོན་སྐྱེད་ཁུལ་གཙོ་བོ་བཅས་སྤྱི་འདོམས་འཆར་འགོད་བྱེད་པ་དང་ཤང་ཀང་དུ་མཁོ་འདོན་བྱེད་པའི་སྔོ་ཚལ་ཐོ་འགོད་ལམ་ལུགས་དང་མངགས་ཐོ་རྣམ་པའི་ཐོན་སྐྱེད་འཕེལ་རྒྱས་ཤུགས་ཆེན་བཏང་ནས“ཤང་ཀང་དང་ཨའོ་མོན་ལ་མཁོ་འདོན་བྱེད་པ”དང“པེ་ཅིན་གྱི་སྔོ་ཚལ་ལྷོ་འདྲེན”སོགས་སྔོ་ཚལ་ཕྱིར་གཏོང་རྟེན་གཞི་བཏོད་དེ་བདེ་འཇགས་དང་སྤུས་ལེགས་ཀྱི་མཐོ་སྒང་གི་ཁྱད་ལྡན་སྔོ་ཚལ་ཐོན་རྫས་དེ་བས་མང་བ་ནང་སའི་ཁྲོམ་རར་ཕྱིར་ཚོང་ཐུབ་པ་བྱ་རྒྱུ་རེད། 2023ལོ་ནས་བཟུང་ཤང་ཀང་དང་ཨའོ་མོན་དུ་ཏུན1600ལྷག་ཙམ་མཁོ་འདོན་བྱས་པ་དང་ཐོན་རྫས་རིན་ཐང་སྒོར་ཁྲི་1000ཙམ་ཟིན་ནས་ས་མཐོའི་གྲང་བསིལ་སྔོ་ཚལ་ཁྲོམ་རའི་ཁས་ལེན་བྱེད་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།