ཉེ་ལམ། གསར་འགོད་པས་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་འཇོན་མི་གཅིག་སྡུད་བྱེད་པའི་བྱེད་ཐབས་བཅུ་ཞེས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་གཞི་གྲངས་ཅན་དང་རིག་ནུས་ཅན་གྱིས་སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་བཏང་ཞིང་། དུས་མཉམ་དུ། རང་ཞིང་གི་དགེ་མཚན་ལྡན་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་རྒྱ་སྐྱེད་དང་། མཚོ་སྔོན་ཞིང་ཆེན་གྱི་དག་གཙང་ནུས་ཁུངས་སྡེ་ཚོགས་མྱུར་དུ་ཚོགས་སྒྲིག་བྱེད་པ། རིག་ནུས་གློག་དྲ་འཛུགས་སྐྲུན་དང་ཟུང་འབྲེལ་བྱེད་པ་སོགས་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་འཛུགས་སྐྲུན་ཁྲོད་རང་འགུལ་གྱིས་ཞུགས་ཏེ། རང་ཞིང་གི་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་གི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་འདྲེས་པར་བྱས།
མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རྩིས་ནུས་འཇོན་མི་གཅིག་སྡུད་བྱེད་པའི་བྱེད་ཐབས་བཅུ་ཞེས་པ་འགྲེམ་སྤེལ་བྱས་པའི་ཚུན་དུ། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་སློབ་གྲྭ་དང་ཁེ་ལས་ཕན་ཚུན་གདན་ཞུའི་བྱ་བར་སྐུལ་འདེད་ཧུར་ཐག་བཏང་ནས། ལྗང་མདོག་རྩིས་ནུས་འཇོན་མི་ནང་འདྲེན་གྱི་ཐབས་ལམ་ནུས་ལྡན་མུ་མཐུད་དུ་རྒྱ་བསྐྱེད། ཕྱོགས་གཅིག་ནས། ནུབ་རྒྱུད་གཏེར་ལས་སྡེ་ཚོགས་དང་། འགྲིམ་འགྲུལ་དོ་དམ་ཚོད་འཛིན་སྡེ་ཚོགས། རྒྱལ་ཁབ་དངུལ་གཏོང་ཀུང་ཟི། ཚྭ་མཚོའི་མ་རྐང་ཚད་ཡོད་ཀུང་ཟི་སོགས་ཁེ་ལས་ལ་མཛུབ་སྟོན་བྱས་ཏེ། དུས་སྐབས་སྔོན་མར་སློབ་གྲྭ་དང་ཁེ་ལས་ཕན་ཚུན་གདན་ཞུའི་བྱ་བ་དང་། མཉམ་འབྲེལ་གྱིས་འཇོན་མི་གསོ་སྐྱོང་སོགས་ཀྱི་བ་བར་སྐུལ་འདེད་བཏང་བའི་རྨང་གཞིའི་སྟེང་། བྱ་བའི་བསམ་ཕྱོགས་གསར་གཏོད་དང་། མཚོ་སྔོན་སློབ་ཆེན་སོགས་ཞིང་ཆེན་ཕྱི་ནང་གི་འབྲེལ་ཡོད་མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་ལས་ཁུངས་སུ་སློབ་གྲྭ་དང་ཁེ་ལས་ཕན་ཚུན་གདན་ཞུ་བྱ་བའི་རྐྱེན་སྲོལ་བཙུགས་ནས། ལྗང་མདོག་རྩིས་ནུས་ཀྱི་རིམ་པ་མཐོ་བའི་འཇོན་མི་ནང་འདྲེན་བྱ་བའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་།
ཕྱོགས་གཞན་ཞིག་ནས། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གིས་ཐོན་ལས་རིམ་སྤོར་དང་ཁེ་ལས་ཀྱི་འཕེལ་རྒྱས་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། བྱེད་ཐབས་བཅུ་ཇེ་ཞིབ་ཚགས་དམ་དུ་བཏང་ཞིང་། ལྗང་མདོག་རྩིས་ནུས་འཇོན་མི་རིགས་བགར་དང་། དཔང་འབྱེད། འདེམ་བསྡུ་དང་ཕན་ཁེའི་ཕོགས་དངུལ་སོགས་ཀྱི་ནང་དོན་ལ་དམིགས་ཏེ། སློབ་གྲྭ་དང་ཁེ་ལས་ཕན་ཚུན་གདན་ཞུ་བྱ་བའི་འབྲེལ་ཡོད་ལག་བསྟར་ཞིབ་སྲོལ་ཞིབ་འཇུག་བྱས་ནས་འགྲེམ་སྤེལ་དམ་འཛིན་བྱས་པ་དང་། ཕན་ཚུན་མངག་གཏོང་མི་སྣ་གཏན་ཁེལ་དང་དེར་དཔྱད་ཞིབ་དང་། བྱ་བའི་ལས་འགན་གྲོས་མོལ་གཏན་ཁེལ་བྱས་ནས་ལོ་མཇུག་གི་དཔྱད་ཞིབ་བྱ་བ་ལེགས་པོར་བསྒྲུབས།