མཚོ་སྔོན་གྱི“སྲོལ་མང་གཅིག་སྒྲིལ”གྱི་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཐོག་མ་དངོས་སུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས30ཉིན་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད(202021ལོ་ནས་2035ལོ་བར)(གཤམ་དུ《འཆར་འགོད》ཞེས་བསྡུ་རྒྱུ)ལ་འགྲེལ་བཤད་བརྒྱབ་པ་དེ་ནི་མཚོ་སྔོན་ཞིང་ཆེན་གྱི“སྲོལ་མང་གཅིག་སྒྲིལ”གྱི་ཞིང་ཆེན་རིམ་པའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཐོག་མ་དེ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། 《འཆར་འགོད》དེར་སྔ་རྗེས་སུ་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་བཅས་ཀྱིས་གྲོས་ཞིབ་བྱས་པ་དང་། 2023ལོའི་ཟླ12ཚེས28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་བཀོད་དངོས་སུ་ཐོབ་པ་དང་2024ལོའི་ཟླ3པའི་ཚེས་15ཉིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དངོས་སུ་པར་འགྲེམས་བྱས་ནས་ལག་བསྟར་བྱས། 《འཆར་འགོད》ནང་བྱེད་ནུས་གཙོ་བོའི་ཁུལ་གྱི་འཆར་འགོད་དང་། ས་ཆ་བེད་སྤྱོད་འཆར་འགོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཆར་འགོད་སོགས་བར་མཐོངས་འཆར་འགོད་ཀྱི་ནང་དོན་གཙོ་བོ་དང་བར་མཐོངས་དོ་དམ་ཚོད་འཛིན་གྱི་བླང་བྱ་མཉམ་འདྲེས་བྱས་ནས། གསར་སྤེལ་སྲུང་སྐྱོང་གི་ད་ལྟའི་གནས་ཚུལ་དང་གནས་པའི་གནད་དོན་ལ་བརྒྱུད་རིམ་ལྡན་པའི་དཔྱད་དཔོག་བྱས་ཡོད། འབྱུང་འགྱུར་རྒྱལ་ཁབ་ཀྱི་མངའ་ཁོངས་བར་མཐོངས་གསར་སྤེལ་སྲུང་སྐྱོང་ལ་འཕྲད་པའི་དུས་བབ་དང་ལས་འགན་ཁྱོན་ཡོངས་ནས་ཞིབ་འཇུག་བརྡར་ཤ་གཅོད་པ་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་གསར་པ་ཁྱོན་ཡོངས་ནས་ཇུས་འགོད་བྱས་པས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འདུ་ཤེས་གསར་པ་དང་མཚོ་སྔོན་འཕེལ་རྒྱས་ཀྱི་ཁྱད་ཆོས་གསར་པ་མཚོན་ཡོད།

《འཆར་འགོད》ནང་2035ལོར་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་སྲུང་སྐྱོང་ཆུ་ཚད་ཇེ་མཐོར་ཤུགས་ཆེན་གཏོང་བ་དང་། རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་གྱི་ལས་ཕྱོད་མངོན་གསལ་ཇེ་ཆེར་འགྲོ་བ། རྒྱལ་ཁབ་ས་ཆའི་བར་མཐོངས་འདེགས་སྐྱོར་ནུས་པ་བརྟན་པོའི་ངང་ཆེ་རུ་འགྲོ་བ། རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤུས་ཚད་རྒྱུན་མཐུད་ངང་ཇེ་མཐོར་འགྲོ་བ། རྒྱལ་ཁབ་ས་ཆའི་བར་མཐོངས་བཅོས་སྐྱོང་མ་ལག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་བྱེད་པོའི་ནུས་པ་མངོན་གསལ་དོད་པོ། ལེགས་ཆ་གསབ་རེས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་རྒྱལ་ཁབ་ས་ཆའི་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་གསར་པ་ཁྱོན་ཡོངས་ནས་ཆགས་སུ་འཇུག་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་བར་སྟོང་འགན་སྲུང་མཁོ་འདོན་བྱ་དགོས།

《འཆར་འགོད》ནང་མཚོ་སྔོན་གྱི་ཐོན་ཁུངས་སྤུས་ཚད་དང་ས་མཐོའི་ས་ཁམས་ཁྱད་ཆོས་ལ་གཞིགས་ནས་ཚོད་འཛིན་ལམ་ཐིག་གསུམ་དང་དེ་བཞིན་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་སྣ་ཚོགས་གཅིག་གྱུར་གྱིས་དབྱེ་འབྱེད་བྱས་ཡོད།  2035ལོར་སླེབས་སྐབས་རྨོ་ཞིང་སྲུང་སྐྱོང་གི་ལས་འགན་སྤྱི་ཆིང་ཁྲི55.913ལས་མི་ཉུང་བ་དང་ཡུན་རིང་གཞི་རྩའི་ཞིང་ཁའི་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ཆིང་ཁྲི་49.140ལས་མི་ཉུང་བ་བྱ་རྒྱུ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ་ཁྲི29.64ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་མཐའ་མཚམས་རྒྱ་བསྐྱེད་པའི་ལྡབ་གྲངས་དེ2020ལོའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་གཞི་ཁྱོན་གྱི་ལྡབ1.3ནང་ཚུན་དུ་ཚོད་འཛིན་བྱ་དགོས།《འཆར་འགོད》ནང་རང་བྱུང་གནོད་འཚེའི་ཉེན་ཁའི་གཙོ་གནད་སྔོན་འགོག་ཚོད་འཛིན་ཁུལ་ཁ་གསལ་བཟོས་ནས། ཆུ་ལོག་དང་ཞོད་སྐྱོན་སོགས་ཀྱི་ཉེན་ཁ་ཚོད་འཛིན་ལམ་ཐིག་དང་དེ་བཞིན་སྤང་ལྗོངས་མ་ལག་ལམ་ཐིག་དང་། ཆུ་སྲུང་སྐྱོང་ཐིག ལོ་རྒྱུས་རིག་གནས་སྲུང་སྐྱོང་ཐིག རྨང་གཞིའི་སྒྲིག་བཀོད་སྲུང་སྐྱོང་ལམ་ཐིག་བཅས་དབྱེ་འབྱེད་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་གཏེར་ཁའི་ཐོན་ཁུངས་དང་། ལོ་རྒྱུས་རིག་གནས་སྲུང་སྐྱོང་སོགས་བདེ་འཇགས་འགན་སྲུང་གི་བར་མཐོངས་དོན་འཁྱོལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བར་མཐོངས་ཀྱི་མ་མཐའི་མཚམས་ཐིག་ཁྱོན་ཡོངས་ནས་སྲ་བརྟན་དུ་གཏོང་དགོས།

《འཆར་འགོད》ནང་བྱེད་པོ་བྱེད་ནུས་ཁུལ་དབྱེ་ཞིབ་བྱས་ཏེ“ཡོལ་གཉིས་ཁུལ་གསུམ། མདའ་གཉིས་གནས་མང་པོའི”རྒྱལ་ཁབ་ས་ཁོངས་བར་མཐོངས་གསར་སྤེལ་སྲུང་སྐྱོང་གི་རྣམ་པ་གསར་པ་བཏོད་ནས། གཙང་གསུམ་ཆུ་འགོ་དང་མདོ་ལ་རིང་པོའི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་ནུས་པའི་ཁུལ་སྲུང་ཡོལ་དུ་བྱས་ཏེ་མཚོ་སྔོན་མཚེའུ་མཐའ་འཁོར་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་། རི་ཆུ་ནགས་རྒྱུད། མཚེའུ། རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ཏེ“ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་འཁུར་དགོས། ཞིང་ལས་འཕེལ་རྒྱས་ཀྱི་བར་སྟོང་སྲ་བརྟན་དུ་བཏང་ནས་ས་མཐོའི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་བྱ་དགོས། ཡུལ་བབ་དང་བསྟུན་ནས་ཁུལ་དབྱེ། རིགས་དབྱེ་བཅས་ཀྱིས་གྲོང་སྡེ་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་། རྫོང་གྲོང་བྱེད་པོ་ཡིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དེང་རབས་ཅན་གྱི་ཟི་ལིང་ནས་མཚོ་ཤར་བར་གྱི་གྲོང་ཁྱེར་མུ་ཁྱུད་འཛུགས་སྐྲུན་བྱེད་པ། ན་གོར་མོ་གྲོང་ཁྱེར་དང་། ཡུལ་ཤུལ་གྲོང་ཁྱེར། ཀུན་ཧོ་རྫོང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་མུ་ཁྱུད་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་སྐྱེ་ཁམས་འཚོ་སྡོད་དང་ལྗང་མདོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།