རང་རེའི་དྲ་བའི་འཕྲིན། ཟླ་བཅུ་པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་བཅུ་ཡས་མས་སུ་དམའ་ཡང་།ཆུ་དམར་ལེབ་རྫོང་མི་དམངས་སྨན་ཁང་དུ་མཚོ་སྔོན་ལྷོ་རྒྱུད་རོགས་སྐྱོར་སྨན་པའི་རིགས་གཅིག་མཁས་ཅན་གྱིས་གཡུ་སྐེ་གྲོང་རྡལ་གྱི་གྲོང་མི་ཨོ་ཚེ་ལ་གཤགས་བཅོས་བྱས་རྗེས་མིག་ལ་བརྟག་དཔྱད་བྱེད་བཞིན་ཡོད། “ཟླ་བ་གོང་མར་སྲིད་གཞུང་གིས་ང་ཚོ་ཟི་ལིང་དུ་རིན་མི་དགོས་པའི་སྐྱ་གྲིབ་གཤགས་བཅོས་བྱེད་པར་གཅིག་གྱུར་ཐོག་བཀོད་སྒྲིག་བྱས་པ་ཡིན། ཉིན་གསུམ་ལས་འགོར་གྱི་མེད། ང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བུད་ཡོད། ད་ཆ་ཅ་ལག་གསལ་པོར་མཐོང་ཐུབ། དེ་རིང་ཡང་འདིར་རྫོང་སྨན་ཁང་དུ་ཡོང་ནས་སྨན་པར་བསྟན་པས་སེམས་སྔར་ལས་བདེ་བར་གྱུར”ཅེས་བཤད།
རིན་མེད་ངང་མང་ཚོགས་ཀྱི་བདེ་ཐང་གི“འགེབས་སྲུང”འདེགས་སྐྱོར་བྱས་པ་དང་། རིན་མེད་གཤགས་བཅོས་བྱས་ནས་མང་ཚོགས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་ཐང་ཕན་བདེ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།ཨོ་ཚེ་ཁོ་ན་མིན་པར་ཆུ་དམར་ལེབ་རྫོང་དུ་སྐྱ་འགྲིབ་ཕོག་པའི་ནད་པ་80ལྷག་ཙམ་ལ་འོད་སྣང་སླར་གསོ་བྱུང་བ་དེ་ནི་ཆུ་དམར་ལེབ་རྫོང་གིས་མཚོ་སྔོན་ཞིང་ཆེན་ཕན་བདེ་དགེ་སྒྲུབ་སྨན་ཁང་དང་མཉམ་འབྲེལ་བྱས་ནས“མིག་གསལ་འདུ་འགོད”སྤེལ་བ་ལས་བྱུང་བ་ཞིག་རེད།
འདི་ལོའི་ཟླ་7པར་ཆུ་དམར་ལེབ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག །མཚོ་སྔོན་ཞིང་ཆེན་ཕན་བདེ་དགེ་སྒྲུབ་སྨན་ཁང་གིས་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་སུ་ཉིན་གསུམ་གྱི་སྐྱ་འགྲིབ་ནད་བརྟག་དཔྱད་བྱས་ནས་སྐྱ་འགྲིབ་ཕོག་པའི་ནད་པ་187གྲལ་བཤེར་བྱས་པའི་ནང་གཤགས་བཅོས་ཀྱི་ཆ་རྐྱེན་དང་མཐུན་པའི་མི་116དང་ཁ་རྐན་གས་པར་བརྟག་དཔྱད་ཐོ་འགོད་བྱས་པ་4ཡོད་པ་རེད། གྲལ་བཤེར་མཇུག་འགྲིལ་རྗེས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་འཕྲལ་མར་ཞིང་ཆེན་ཕན་བདེ་དགེ་སྒྲུབ་སྨན་ཁང་དུ་འབྱོར་ནས་ནད་གཞི་ཕོག་པ་དང་གཤགས་བཅོས་ནད་པའི་མིང་ཐོ་ཁ་གསལ་བཟོས་ཏེ་ཁག་གསུམ་ལ་དབྱེ་ནས་ཟི་ལིང་དུ་གཤགས་བཅོས་བྱེད་པར་བསྐྱོད་རྩིས་ཡོད་པ་རེད།
ནད་པར་བརྡ་ཐོ་གཏོང་སྐབས་གཤགས་བཅོས་བྱེད་མཁན་ལོ་60ཡན་གྱི་རྒན་རྒོན་མང་པོ་ཡོད་པས་མང་ཆེ་བས་ལག་ཐོགས་ཁ་པར་སྤྱོད་མི་ཤེས་པ་མ་ཟད།ད་དུང་བུ་ཕྲུག་དང་གཉེན་ཉེ་ཉེ་འགྲམ་དུ་མེད་པའི་རྒན་རྒོན་ཡོད་པས་མི་དེ་དག་ལ་འབྲེལ་གཏུག་དང་བརྡ་ཐོ་གཏོང་རྒྱུར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།གནད་དོན་བལྟས་ན་སྟབས་བདེ་ཡིན་ནའང་ཐག་གཅོད་བྱ་རྒྱུ་ནི་ལས་སླ་པོ་ཞིག་མིན།
དཀའ་ངལ་ཇི་འདྲ་ཆེ་ཡང་མང་ཚོགས་ཀྱི་བྱ་བ་ཡག་པོ་སྒྲུབ་དགོས། རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཆེད་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཉིན་ཤས་བསྟུད་མར་མི་ཞིག་ལ་ཁ་པར་བརྒྱབ་ནས་བརྡ་ཐོ་བཏང་བ་མ་ཟད།འབྲེལ་གཏུག་བྱེད་མི་ཐུབ་པའི་ནད་པ་བསྡོམས་རྩིས་བརྒྱབ་ནས་ས་གནས་དེ་གའི་ཏང་རྩ་འཛུགས་དང་སྲིད་གཞུང་ལ་མཐུན་སྦྱོར་བྱས་ཏེ་འབྲེལ་གཏུག་བྱེད་དུ་བཅུག་པ་རེད།འགྲོ་སྐྱོད་སྟབས་བདེ་མེད་པའི་ཁེར་སྡོད་རྒན་རྒོན་རྣམས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་གཅིག་གྱུར་ཐོག་མི་སྣ་དང་རླངས་འཁོར་བཀོད་སྒྲིག་བྱས་ནས་ཆེད་མངགས་རྫོང་གྲོང་དུ་འབྱོར་གྱི་ཡོད།དེ་དང་ཆབས་ཅིག་རྫོང་དམངས་སྲིད་ཅུས་དང་རྫོང་འགྲིམ་འགྲུལ་ཅུས་ཀྱི་མཉམ་ལས་འོག་ནད་པ་དང་ནད་གཡོག་པ་ཚང་མས་ཞིང་ཆེན་དགེ་སྒྲུབ་སྨན་ཁང་དུ་སྨན་བཅོས་བྱེད་རིང་གི་འགྲིམ་འགྲུལ་དང་ཟ་སྡོད་སོགས་ཀྱི་འགྲོ་གྲོན་ཚང་མ་སྲིད་གཞུང་གིས་མངགས་ཐོ་སྤྲད་ནས་ནད་པ་དང་དེ་བཞིན་ནང་མིའི་སྨན་བཅོས་དཔལ་འབྱོར་གྱི་ཁུར་པོ་དངོས་འབྲེལ་ཐག་གཅོད་ཐུབ་ཡོད།མིག་སྔའི་བར་ཁག་གཉིས་ཀྱི་སྐྱ་འགྲིབ་ཕོག་པའི་ནད་པ་58དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད།
2023ལོར་ཆུ་དམར་ལེབ་རྫོང་གིས་ཤང་གྲོང་གི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་སྒོར་ཁྲི་550ལྷག་ཙམ་བཏང་ནས་ཤང་གྲོང་འཕྲོད་བསྟེན་ཁང་གི་སྨན་དོན་མི་སྣའི་ལས་ཤག་བསྐྲུན་ནས་ཁོང་ཚོར་སྡོད་ཁང་ཡོད་པ་དང་སེམས་བདེ་ཡོང་བ་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་ལ་ཏན་ཏན་ཏིག་ཏིག་གིས་གཞོགས་འདེགས་བྱས་ཡོད།དེ་དང་ཆབས་ཅིག་ཤང་གྲོང་ཚང་མར་སྨན་བཅོས་དང་སྨན་རྫས་སྐོར་སྐྱོད་རླངས་འཁོར་བཀོད་སྒྲིག་བྱས་ནས་དུས་ཚིགས་རེར་དུད་ཚང་དུ་བསྐྱོད་དེ་ལོ་65ཡན་གྱི་རྒན་རྒོན་ལ་མཉམ་དུ་འཚམས་འདྲི་བྱེད་པའི“གཅོང་ནད་རིགས་བཞི”ཡི་བདེ་ཐང་གནས་ཚུལ་བཀོད་སྒྲིག་བྱས་ཡོད།
རྨ་སྟོད་ཤང་མགོ་ཡང་གྲོང་ཚོའི་གྲོང་མི་བདེ་མཚོར་ཁྲག་ཤེད་མཐོ་བའི་ནད་ཕོག་ནས་ལོ་8སོང་བ་དང“གཅོང་ནད་རིགས་བཞི”ཡི་གཙོ་གནད་འཚམས་འདྲི་བྱ་ཡུལ་དུ་གཏོགས་པས“དེ་སྔ་སྨན་བཅོས་དང་སྨན་ཉོ་རྒྱུར་སྟབས་བདེ་མེད། ད་ཆ་ཏང་དང་སྲིད་གཞུང་གིས་ང་ཚོའི་བདེ་ཐང་གནད་དོན་ལ་མཐོང་ཆེན་བྱེད་ཀྱི་ཡོད།ནད་ཆུང་གྲོང་ཚོའི་འཕྲོད་བསྟེན་ཁང་དུ་སྨན་བཅོས་ཡག་པོ་བྱེད་ཐུབ་པ་དང་ནད་ཆེན་སྨན་ཁང་དུ་བསྡད་ནས་སྨན་རིན་རྩིས་ཞུ་བྱེད་ཐུབ་ཀྱི་ཡོད།ཟླ་བ་ཁ་ཤས་སོང་རྗེས་ཤང་འཕྲོད་བསྟེན་ཁང་དུ་སྨན་བཅོས་བྱེད་པར་ཡོང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”།
གཞན་ཡང་ཆུ་དམར་ལེབ་རྫོང་གི་དབུལ་པོ་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་དུད་ཚང་309ཡི་མི་1058ལ་དམིགས་ནས་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རིགས་གཅིག་མཁས་ཅན་དང་དེ་བཞིན་རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་གསུམ་སྨན་བཅོས་ཚན་པ་སྒྲིག་འཛུགས་བྱས་ཏེ་དུས་བཀག་ལྟར་དུད་ཚང་དུ་བསྐྱོད་དེ་སྨན་བཅོས་རོགས་སྐྱོར་བྱས་པ་དང་།བདེ་ཐང་གི་སྨན་བཅོས་ལུས་གསོ་དང་རིམས་ནད་སྔོན་འགོག་སོགས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་མང་ཚོགས་ཀྱི་ཉེ་འགྲམ་དུ་སྤེལ་བས་ལྟ་ཞིབ་ཚད་ལེན་བྱེད་མཁན་དུད་ཚང་ཚང་མར་སྨན་བཅོས་རོགས་སྐྱོར་བྱ་རྒྱུ་མངོན་འགྱུར་བྱུང་བ་དང་ནད་གཞིས་རྐྱེན་པས་བསྐྱར་དུ་དབུལ་པོར་འགྱུར་རྒྱུ་ནན་འགོག་བྱས་ཏེ་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་བདེ་ཐང་གི་རྨང་གཞི་མཁོ་འདོན་བྱས་ཡོད།
དམངས་འཚོ་ལེགས་སུ་གཏོང་བའི་ཐད་འགན་འཁྲི་ལྗིད་པོ་འཁུར་བ་དང་དཀའ་ངལ་ལ་མི་འཛེམ་པར་མདུན་དུ་བསྐྱོད་དེ་དམངས་འཚོའི་ཞན་ཆ་གང་མགྱོགས་གསབ་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སེམས་ཤུགས་ཡོད་རྒུས་ལས་ཞུགས་དང་།སྨན་བཅོས།སྡོད་ཁང་སོགས་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་གི་གནད་དོན་ཐག་གཅོད་བྱས་ཏེ་འབད་འཐབ་བྱས་པ་བརྒྱུད་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོད།ཉེ་བའི་ལོ་ཤས་རིང་ཆུ་དམར་ལེབ་རྫོང་གིས་རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་བས་རྫོང་དང་།ཤང་།གྲོང་ཚོ་བཅས་རིམ་པ་གསུམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་།གཞི་རིམ་གྱི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་མང་ཚོགས་ཀྱི་ནད་གཞི་ཆུང་ངུ་གྲོང་ཚོ་ནས་ཕྱིར་མི་ཐོན་པ་དང་སྨན་བཅོས་འགན་ལེན་ཐུབ་པ་བྱུང་ཡོད། གཞི་རིམ་དུ་ནད་ལྟ་ཐུབ་པ་དང་ནད་ལྟ་ཐུབ་པའི་དམིགས་ཚད་རིམ་བཞིན་མངོན་འགྱུར་ཐུབ་པ་མ་ཟད། ནད་ལྟ་ཐུབ་པའི་དམིགས་ཚད་ཀྱང་མངོན་འགྱུར་ཐུབ་ནས་མང་ཚོགས་ཀྱིས་ནད་ལྟ་དཀའ་བའི“དཀའ་བ་དང་། མཐོ་བ། རིང་བ”བཅས་ཀྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་ཐུབ་ནས་མང་ཚོགས་ཀྱིས་སྨན་པ་བསྟེན་པའི་ཐོབ་ཚོར་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
“མང་ཚོགས་ཀྱི་བདེ་ཐང་ནི་དམངས་ཚིས་ཆེ་ཤོས་ཡིན།ཆུ་དམར་ལེབ་རྫོང་འཕྲོད་བསྟེན་བདེ་ཐང་ཁོངས་གཏོགས་ཀྱིས་ཞིང་ཨུད་ཀྱི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་མང་ཚོགས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་བདེ་ཐང་གི་བྱ་བ་དངོས་དེ་མང་ཚོགས་ཀྱི་སེམས་ནང་ཟུག་པ་བྱས་ཏེ་མཉམ་འབྲེལ་ཐོག་འོས་འགན་སྨན་བཅོས་དང་།གྲལ་བཤེར་ཡོངས་ལ་ཁྱབ་པ།སྐོར་སྐྱོད་སྨན་བཅོས་རོགས་སྐྱོར་སོགས་ཀྱི་སྨན་བཅོས་ཞབས་ཞུ་བྱས་པ་བརྒྱུད་མང་ཚོགས་ལ་ནད་གཞི་ལྟ་ཐུབ་པ་དང་།སྨན་བཅོས་ཡག་པོ་ཐུབ་པ།ནད་གཞི་སྔོན་འགོག་ཐུབ་པ་བཅས་བྱས་ཡོད”ཅེས་ཆུ་དམར་ལེབ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བཤད།
ལོ་ཙཱ་བ། ལྷ་ཆེན་རྒྱལ།
རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།