[དུས་རབས་གསར་པ། ལམ་བུ་གསར་པ། རླབས་ཆེན་གྱི་བྱ་གཞག་གསར་པ།]མཚོ་སྔོན་གྱི་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་འཛད་སྤྱོད་ཚད་དུས་མཚུངས་ལས13.1%འཕར་ཡོད།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན། འཛད་སྤྱོད་ཁྲོམ་རའི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཀྱི་གསོན་ཤུགས་མངོན་པ་དང་། ཞིང་ཆེན་ལྟེ་གནས་ཟི་ལིང་དུ་མི་ཚོགས་ཀྱིས་ཁེངས་པའི་ཚོང་ཁང་དུ་མིའི་འགྲོ་འོང་རྒྱུན་ཆད་མེད། མཚན་ཁྲོམ་བར་དང་གྲལ་སྒྲིག་ནས་སྒུག་པའི་ཟ་ཁང་། དགའ་བསུ་ཆེན་པོ་ཐོབ་པའི་དྲ་ཐོག་ཚོང་ཁང་བཅས་གང་ས་གང་དུ་འཁྲུག་ཆ་དོད་པའི་འཛད་སྤྱོད་ཀྱི་རྣམ་པ་ཚོར་ཐུབ་པ་བྱུང་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ཞིང་ཆེན་དུ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་728.77ཟིན་པ་དེ་དུས་མཚུངས་ལས་13.1%འཕར་བ་དང་འཕར་ཚད་ལོ་སྟོད་ལས་བརྒྱ་ཆའི་གྲངས་0.3གྱིས་མགྱོགས་པ་ཡོད།

སྲང་ལམ་དུ་ཤོག་སྦག་གི་མེ་ལྕེ་རབ་ཏུ་འབར།

གཟའ་མཇུག་གི་དགོང་མོའི་ཆུ་ཚོད་7པར་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ལི་མོང་ཚོང་ལས་སྲང་ལམ་གྱི་རྐང་ཐང་ཁྲོམ་གཞུང་དུ་གནས་པའི་རྒྱ་ཁོག་ཚོང་ཁང་དུ་མགྲོན་པོས་ཁེངས་པ་དང་ཚོང་ཁང་གི་སྒོ་ཁར་ཡང་འབྲུག་རིང་པོ་བསྒྲིགས་ནས་ལས་དོན་མི་སྣས་བྲེལ་འཚུབ་ཆེན་པོ་བྱེད་ཀྱི་ཡོད།ཟ་ཁང་དེའི་སྦྱིན་བདག་གིས་ངོ་སྤྲོད་བྱས་པར་གཞིགས་ན།དེ་སྔ་དགོང་མོའི་ཆུ་ཚོད་དགུ་པ་ཙམ་ལ་སྒོ་རྒྱག་གི་ཡོད་པ་དང་།ད་ཆ་དགོང་མོའི་ཆུ་ཚོད་བཅུ་གཅིག་བར་ཚོང་ཁང་ནང་ད་དུང་ཟ་མ་ཟ་མཁན་མང་པོ་ཡོད་པས་གཉེར་སྐྱོང་ཡོང་འབབ་སྔོན་མ་ལས་མང་དུ་ཕྱིན་ཡོད་པ་རེད།

གསར་འགོད་པས་ཟ་ཁང་དང་།ཚོང་ཁང་།མགྲོན་ཁང་།མཚན་མོའི་བསྲེགས་ཟས་ཚོང་ཁང་བཅས་མང་པོར་བཅར་འདྲི་བྱས་ནས་འདི་ལོའི་འཛད་སྤྱོད་ཁྲོམ་རར་མི་མང་པོ་ཡོད་པ་ཤེས་རྟོགས་བྱུང་བ་དང་།ཤོག་སྦག་གིས་ཁེངས་པའི་འཁྲུག་ཆ་དོད་པའི་རྣམ་པ་ཞིག་འཛད་སྤྱོད་མགྱོགས་མྱུར་འཕར་བའི་དུང་བརྡ་གསར་པ་སྒྲོག་བཞིན་ཡོད་པ་རེད།

“མཚན་གུང་བར་བསྲེགས་མའི་ཚོང་ཁང་དུ་ད་དུང་ཞིམ་ཟས་མྱོང་རོལ་བྱེད་པར་ཡོང་མཁན་ཡོད་པས་ངའི་ཚོར་སྣང་ལ་འདི་ལོ་མཚོ་སྔོན་གྱི‘མཚན་མོའི་དཔལ་འབྱོར’དེ་སྔ་ལས་ཧ་ཅང་མང་པོ་ཡོད་པ་དང་ཡོང་འབབ་ཀྱང་ལྡབ་ཁ་ཤས་འཕར་ཡོད”ཅེས་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ཚྭ་མཚེའུ་སྲང་ལམ་དུ་གནས་པའི་བསྲེགས་མ་ཚོང་ཁང་གི་སྦྱིན་བདག་ཀྲང་ལགས་ཀྱིས་བཤད།

རྒྱུན་མཐུད་ཚ་ཚ་འུར་འུར་གྱི་གུང་གསེང་ཡུལ་སྐོར་ཁྲོམ་རས་ཀྱང་མཛེས་ལྗོངས་ཁུལ་གྱི་འཛད་སྤྱོད་ལ་སྐུལ་ཁྲིད་བྱས་ཡོད།ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཤང་ཁ་དབྱང་དུ་རྐང་ཐང་མར་བསྐྱོད་པ་དང་།རི་འཛེག་བྱེད་པ།ཞིང་པའི་ལྟོ་ཆས་ཟ་བ་སོགས་ཟི་ལིང་གི་གྲོང་མི་ཞ་ཧྲུའུ་ཆིན་ནི་ཁ་དབྱང་གྲོང་ཚོའི་རྒྱུན་མགྲོན་པོ་ཞིག་རེད།“ང་རྟག་ཏུ་འདི་གར་ཡོང་ནས་སེམས་ལྷོད་ལྷོད་བྱས་ཏེ་རི་འཛེག་བྱས་ནས་དེ་གའི་ཞིང་པའི་ལྟོ་ཆས་མྱོང་རོལ་བྱས་ཚེ་ལུས་སེམས་ཧ་ཅང་སྐྱིད་པོ་ཡོང་གི་འདུགདུས་ཆེན་དང་གུང་གསེང་རིང་དེ་གའི་ཞིང་པའི་སྤྲོ་སྐྱིད་ཁང་གིས་ཁེངས་ཀྱི་འདུག”ཅེས་ཞ་ཧྲུའུ་ཆིན་གྱིས་བཤད།

གྲངས་གཞི་ལས་མངོན་པར་གཞིགས་ན།ཟླ་དང་པོ་ནས་དགུ་པའི་བར་མཚོ་སྔོན་ཞིང་ཆེན་དུ་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་728.77ཟིན་པ་དེ་དུས་མཚུངས་ལས་13.1%འཕར་བའི་ནང་བཅད་གྲངས་ཡན་གྱི་སྒོར་དུང་ཕྱུར་296.76ཟིན་པ་དེ་དུས་མཚུངས་ལས་19.3%འཕར་བ་དང་བཅད་གྲངས་མན་གྱི་སྒོར་དུང་ཕྱུར་432.01ཟིན་པ་དེ་དུས་མཚུངས་ལས་9.3%འཕར་ཡོད།ཟླ་དགུ་པར་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་88.97ཟིན་པ་དེ་དུས་མཚུངས་ལས་28.77%འཕར་བའི་ནང་བཅད་གྲངས་ཡན་སྒོར་དུང་ཕྱུར་35.16ཟིན་པ་དེ་དུས་མཚུངས་ལས་75.5%འཕར་བ་དང་བཅད་གྲངས་མན་གྱི་སྒོར་དུང་ཕྱུར་53.81ཟིན་པ་དེ་དུས་མཚུངས་ལས་9.6%འཕར་ཡོད།

འཛད་སྤྱོད་ཁྲོམ་རར་རྒྱུན་མཐུད་ངང“འབུད་ཤིང་མང་དུ་གཏོང”།

ཁྱད་ལྡན་ཟས་ཞིམ་དང་།སྤྲོ་གསེང་ཟོག་ཉོ།རོལ་རྩེད་སོགས་མཚན་མོ་ཞིག་འཆར་བ་དང་ཐང་ལམ་གྱི་རྐང་ཐང་ཁྲོམ་གཞུང་གི་མཚན་ཁྲོམ་རར་གློག་སྒྲོན་རབ་ཏུ་འཕྲོ་བ་དང་མི་ཚོགས་ཀྱིས་ཁེངས་ཤིང་།དེ་གའི་“དུ་བའི་མེ་ལྕེ”ལས་མཚོ་སྔོན་གྱི་མཚན་མོའི་དཔལ་འབྱོར་གྱི་ཡིད་དབང་འཕྲོག་ཤུགས་རབ་ཏུ་བཞད།

འཛད་སྤྱོད་རྒྱུན་མཐུད་ངང་སླར་གསོ་བྱུང་བ་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད།མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ《མཚོ་སྔོན་ཞིང་ཆེན་གྱིས་རླངས་འཁོར་འཁོར་རྒྱུག་འཁྲུག་ཏུ་བཏང་ནས་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་བའི་བྱེད་ཐབས་འགའ་ཞིག》དང《མཚོ་སྔོན་ཞིང་ཆེན་གྱིས་2023ལོའི་འཛད་སྤྱོད་སྐུལ་འདེད་བྱེད་སྒོའི་ཇུས་གཞི》《མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་རིག་ནུས་ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》སོགས་སྔ་རྗེས་སུ་པར་འགྲེམས་བྱས་ཤིང་།《མཚོ་སྔོན་ཞིང་ཆེན་གྱིས་ཁྱིམ་ཆས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་འགའ་ཞིག》གི་རེས་སྐོར་དང་པོའི་བསམ་འཆར་བསྡུ་ལེན་ལེགས་གྲུབ་ཟིན་ནས་ཉེ་དུས་ཞིང་ཆེན་ནང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱེད་ཐེངས་གཉིས་པ་རེད།    

“ད་ཐེངས་སྤྲད་པའི་མཚོ་སྔོན་གྱི་རྒྱལ་ཡོངས་འཛད་སྤྱོད་འཛིན་ཤོག་ལ་རིན་གོང་བཅུ་ཆ་བརྒྱད་ཀྱི་གཟིགས་སྐྱོང་ཡོད་པས་ཅིང་ཏུང་གིས་གཏན་འཁེལ་བྱས་པའི་ཚོང་ཟོག་ཉོ་ཆོག་པ་དང་དེའི་ཐད་ཕན་བདེ་ཆེན་པོ་ཐོབ་ཡོད”ཞེས་ཟི་ལིང་གི་གྲོང་མི་མཁྱེན་ལྡན་མ་ཀྲའོ་ལགས་ཀྱིས་མྱོང་ཚོར་ཟབ་མོ་བྱུང་།

“འཛད་སྤྱོད་འཛིན་ཤོག་སྤྲད་པ་དང་བསྟུན་ནས་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་པའི་ཟོག་ཉོའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་ཡོད”མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས་རླངས་འཁོར་དང་།ཞག་སྡོད་བཟའ་བཏུང་།སིལ་ཚོང་།ཁྱིམ་སྤྱོད་གློག་ཆས་སོགས་ལ་དམིགས་ནས་རིགས་ཁག་གི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་ཐེངས་60ལྷག་ཙམ་སྤེལ་བ་དང་།ཚོང་དོན་འཁོར་རྒྱུག་ཁེ་ལས་བཞི་སྟོང་ལྷག་ཙམ་སྒྲིག་འཛུགས་བྱས་ནས་དེའི་ནང་ཞུགས་པ།སྲིད་གཞུང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་དུང་ཕྱུར་1ལས་བརྒལ་བ་བཅས་བྱས་པ་དང་མིག་སྔའི་བར་འཛད་སྤྱོད་ལ་ཐད་ཀར་སྐུལ་ཁྲིད་བྱེད་ཚད་སྒོར་དུང་ཕྱུར་20ལྷག་ཙམ་ཟིན་ཡོད་པ་རེད།ཞིང་ཆེན་དང་གྲོང་ཁྱེར་(ཁུལ)མཉམ་འགུལ་གྱིས་འཛད་སྤྱོད་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་ཁྲོམ་རར་རྒྱུན་མཐུད་ངང“བུད་ཤིང་བསྣན་པ”བྱས་ཡོད།

འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་མཚོ་སྔོན་ཞིང་ཆེན་ཚོང་དོན་ཁོངས་གཏོགས་ཀྱིས《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ནན་ཏན་བྱས་པ་དང་།གཙོ་གནད་ས་ཁུལ་དང་།གཙོ་གནད་ལས་རིགས།གཙོ་གནད་ཁེ་ལས་བཅས་ལ་དམིགས་ནས་སྲིད་ཇུས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་།བྱ་ཐབས་ཀྱི་འདེགས་སྐྱོར་ལ་ཤུགས་སྣོན་རྒྱག་པ།འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་།ཁེ་ལས་ལ་རོགས་སྐྱོར་བྱེད་པ།རྣམ་གྲངས་སྦྲེལ་མཐུད་སོགས་ཀྱི་ཞིབ་ཕྲའི་ལས་དོན་ལ་དམིགས་ནས་མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་ཁྲོམ་ར་ལེགས་སུ་འགྲོ་རྒྱུར་མུ་མཐུད་སྐུལ་འདེད་བཏང་།

ཞིང་ཆེན་རིམ་པའི་ནོར་སྲིད་མ་དངུལ་གྱི་ཁྲིད་སྟོན་ནུས་ལྡན་འོག་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་ཟླ་བ་མང་པོ་བསྟུད་མར་གྲངས་གནས་གཉིས་འཕར་ཡོད།འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རིམ་རྩིས་བྱས་ན་སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་728.77ཟིན་པ་དེ་དུས་མཚུངས་ལས་13.1%འཕར་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་གྱི་82.44%མངོན་འགྱུར་བྱུང་བ་དང་སྔོན་དཔག་བྱས་ན་འཕེལ་རིམ་ལས་བརྒལ་ནས་འཕེལ་རྒྱས་ཀྱི་དམིགས་ཚད་འགྲུབ་ཐུབ་རྒྱུ་རེད།

བྱེད་སྒོ་རབ་དང་རིམ་པས་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བར་བྱས།

ཟླ་3ཚེས་1ཉིན་འཛད་སྤྱོད་ཁྲོམ་ར་མགྱོགས་མྱུར་སླར་གསོ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ལེགས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་དང་།“དཔྱིད་རླུང་གིས་དྲོ་སྐྱིད་སྦྱིན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་གཉེན་ཉེ་Uལ་ཕན་པ་ཐོབ་པ”མཚོ་སྔོན་ཞིང་ཆེན་གྱི་2023ལོའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་དང་འཛད་སྤྱོད་སྐུལ་སྤེལ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་ཟི་ལིང་དུ་གཉེར་བ་དང་།ཟླ་9ཚེས་1ཉིན། མཚོ་སྔོན་ཞིང་ཆེན་གྱིས་སླར་ཡང“ཧོན་ཧོ་འཛད་སྤྱོད་དུས་ཚིགས་གསར་པའི”བྱེད་སྒོ་སྤེལ་ནས་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་འཛད་སྤྱོད་དང་།    མཚན་མོའི་འཛད་སྤྱོད།    དངུལ་རྩའི་འཛད་སྤྱོད་སོགས་ཁྱབ་ཁོངས་ལ་དམིགས་ནས་རེས་སྐོར་གསར་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་བ་དང་།    འཛད་སྤྱོད་སླར་གསོའི“སྐར་ཁུང་དུས་ཚིགས”ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་པ།    འཛད་སྤྱོད་ཀྱི“སྒུལ་ནུས་གསར་པ”བསྣན་པ།    འཛད་སྤྱོད་ཀྱི“སྒུལ་ནུས་གཙོ་བོ”འཕེལ་བ་བཅས་བྱས་པ་རེད།    

“ངས་གློག་སྒུལ་རྐྱང་པའི་རླངས་འཁོར་ཞིག་ཉོས་མ་ཐག་ཡིན།གཟིགས་སྐྱོང་སྲིད་ཇུས་ཀྱི་ཁ་གསབ་བརྒྱུད་རྒྱུན་གཏན་ལས་དངུལ་མི་ཉུང་བ་ཞིག་གྲོན་ཆུང་ཐུབ་ཀྱི་ཡོད།དངོས་གནས་ཡག་པོ་ཞིག་རེད”ཅེས་ཟི་ལིང་གི་གྲོང་མི་སྐུ་ཞབས་ལི་ལགས་ཀྱིས་བཤད།

འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་རླངས་འཁོར་ཉོ་བའི་ཁ་གསབ་བྱེད་སྒོར་ཞིང་ཆེན་རིམ་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་མ་དངུལ་སྒོར་ཁྲི1387.9བཏང་ནས་རླངས་འཁོར་ཁེ་ལས་84དང་།ཚོང་དོན་འཁོར་རྒྱུག་ཁེ་ལས་8དངུལ་རྩའི་སྒྲིག་གཞི་1བཅས་ཞུགས་ཡོད་པ་རེད།ཁྱིམ་སྤྱོད་རླངས་འཁོར་གསར་པ(ནུས་རྒྱུ་གསར་པའི་རླངས་འཁོར་ཚུད་པ)ཉོས་པའི་མི་སྒེར་གྱི་འཛད་སྤྱོད་པ་9686གིས་རླངས་འཁོར་ཉོས་པའི་རིན་གོང་ལྟར་རིམ་པ་མི་འདྲ་བའི་ཁ་གསབ་ལོངས་སྤྱོད་བྱས་པ་དང་།སྒོར་ཁྲི་10མན་གྱི་རླངས་འཁོར་གསར་པ་ཉོ་མཁན་སྤྱོད་མཁན་3000ལ་སྒོར་1000གི་ཁ་གསབ་ལོངས་སུ་སྤྱོད་རྒྱུ་ཡོད་པ།སྒོར་ཁྲི་10ཡན་དང་སྒོར་ཁྲི་20མན་གྱི་རླངས་འཁོར་གསར་པ་སྤྱོད་མཁན་4986ལ་ཁ་གསབ་སྒོར་1500ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།མཚོ་སྔོན་ཞིང་ཆེན་གྱི་2023ལོའི་འཛད་སྤྱོད་སྐུལ་སྤེལ་བྱེད་སྒོ་དང་འཛད་སྤྱོད་སྐུལ་སྤེལ་ཟླ་བའི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་།“སྤྲོ་སྐྱིད་ལྡན་པའི་མཚོ་སྔོན་གྱི་གཉེན་ཉེ་Uལ་རྟེན་འབྲེལ་ཞུ་བའི”མཚོ་སྔོན་ཞིང་ཆེན་གྱི་2023ལོའི་རླངས་འཁོར་ཉོ་བའི་ཁ་གསབ་བྱེད་སྒོ་དང“སྤྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཁྲི་Uལ་ཕན་པའི”མཚོ་སྔོན་ཞིང་ཆེན་གྱི་2023ལོའི་དམངས་ཕན་འཛད་སྤྱོད་དུས་ཚིགས་ཀྱི་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད།བྱེད་སྒོའི་དྲིལ་བསྒྲགས་བྱེད་ཚད་མི་ཐེངས་ཁྲི་2ལྷག་ཙམ་ཟིན་པ་དང་འཛད་སྤྱོད་པ་ཁྲི་50ལྷག་ཙམ་བྱེད་སྒོར་ཞུགས་པ།འཛད་སྤྱོད་ཁ་གསབ་སྒོར་ཁྲི2917.9སྤྲད་པ་རེད།

མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་སྲིད་གཞུང་སྡེ་ཚན་གྱིས་འཛད་སྤྱོད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་།ལས་སྒོའི་མཁར་རྫོང་དོར་བ།འཛད་སྤྱོད་སྐུལ་འདེད་ལས་དོན་ལ་མཉམ་ལས་སྐུལ་འདེད་གཏོང་བ།རླངས་འཁོར་དང་།ཁྱིམ་སྤྱོད་གློག་ཆས།ཁྱིམ་ཆས་སོགས་ཚོང་ཟོག་ཆེ་གྲས་འཛད་སྤྱོད་ལ་དམིགས་པ།ཚོང་ཟོག་སྣ་མང་དང་།ཚོང་ཚན།བཟའ་བཏུང་སོགས་གྲོང་མིའི་རྒྱུན་གཏན་འཛད་སྤྱོད་ལ་དམིགས་པ།དངུལ་རྩ་དང་།མཚན་མོ།དྲ་ཐོག་སོགས་གསར་དར་ལས་རྣམ་འཛད་སྤྱོད་མཉམ་འདྲེས་བྱེད་པ།ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་འཛད་སྤྱོད་སྐུལ་གཏོང་བྱེད་སྒོ་སྤེལ་བ་བཅས་བྱས་ནས་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས། 

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།