མཚོ་སྔོན་གྱིས“གཉིས་འཕར”མངོན་འགྱུར་བྱུང་སྟེ་ཞིང་འབྲོག་ལས་རིགས་ཀྱི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་ཡོང་བ་བྱས་པ།

ཡོང་ཁུངས། : མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། སྤེལ་དུས། : 2023-11-02

རང་རེའི་དྲ་བའི་འཕྲིན། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་ནས་ནག་ཐོན་ཁུལ་གྱི་གྲས་ཤིག་ཡིན་པའི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་ལོ་ཏོག་བསྡུ་བའི་དུས་ཚིགས་ཤར་བ་དང་།སྙེ་མའི་དྲི་ཞིམ་རབ་ཏུ་བཞད།གང་སར་ནས་ཀྱི་ལོ་ལེགས་ཀྱི་དགའ་སྤྲོས་ཁེངས།ནང་ཆེན་རྫོང་དཔལ་རྩ་ཤང་གི་འབྲོག་པ་ཡེ་ཤེས་ཁྱིམ་གྱིས་བཏབ་པའི་ནས་ནག་སྤྱི་ཆིང་0.4ཡིས་ས་གནས་དེ་གའི་སྦི་རག་བཟོ་གྲྭ་དང་ཉོ་སྒྲུབ་རིན་གོང་གྲོས་བསྡུར་བྱས་པ་དང་འདི་ལོ་ཁྱིམ་དུ་ཡོང་འབབ་སྒོར་9000ལྷག་ཙམ་མང་དུ་ཕྱིན་ཡོད་པ་རེད།

མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ཚོན་མདོག་རྣམ་པར་བཀྲ་བའི་རྒྱ་བྲ་འདེབས་ཁུལ་དུ་སྙེ་མ་རླུང་གིས་གཡོ་བ་དང་བསྟུན་ནས་སྤྱི་ཆིང་2000ཟིན་པའི་རྒྱ་བྲ་ལ་ལོ་ལེགས་བྱུང་བ་དང་སྔོན་དཔག་བྱས་ན་ཐོན་ཚད་ཏུན་6000ལྷག་ཙམ་ཟིན་རྒྱུ་རེད།

འཕྲུལ་ཆས་ཀྱིས་འུར་སྒྲ་ཆེན་པོ་སྒྲོག་པ་དང་འབྲུ་རིགས་འབྲུ་རིགས་མཛོད་དུ་ལོག་པ་དང་ཞིང་པ་རྣམས་ཀྱིས་འཛུམ་མདངས་འཕྱུར་བཞིན་འདེབས་འཛུགས་ལས་རིགས་ལ་ལོ་ལེགས་བྱུང་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ལ་སེམས་བདེ་བའི་རིལ་བུ་ཞིག་འཐུང་ཡོད།

འདི་ལོ་ནས་བཟུང་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གཏོད་རྒྱུ་དམ་འཛིན་བྱ་གཞིར་བྱས་ཏེ་བཀོད་གཏོང་དང་།མྱུར་ཚད་དམ་འཛིན།སྤུས་ཚད་མཐོར་གཏོང་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི“བྱ་སྤྱོད་ཆེན་པོ་བརྒྱད”དང་དེང་རབས་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་འབྲེལ་ཐོན་ལས་གླིང་དང་།ཐོན་ལས་འདུས་ཚོགས།དེ་བཞིན་གཙོ་གནད་རྣམ་གྲངས་བཅས་སྔ་རྗེས་སུ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བས་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར་206.9ཟིན་པ་དེ་དུས་མཚུངས་ལས་4.2%འཕར་ཡོད།

འབྲུ་རིགས་བརྟན་པོ་ཡོང་བའི་སྤྱི་ཡོངས་གཏན་འཁེལ་བྱས་པ་དང་ལོ་ལེགས་ཡོང་བའི་རེ་བ་ཡོད་པས་སྔོ་ཚལ་གྱི་རྒྱ་ཁྱོན་དང་ཐོན་ཚད་གཉིས་ཀ་འཕར་ཡོད།“དུས་ཚིགས་དང་པོ་ནས་གསུམ་པའི་བར་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་དང་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་གྲངས་གནས་གཉིས་འཕར་ཡོད།མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་10536ཟིན་ནས་7.8%འཕར་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་0.2%མཐོ་བ་ཡོད་པ་དང་།‘ཞིང་གསུམ’གྱི་གྲུ་གཟིངས་ཀྱི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད”ཅེས་མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་འཕེལ་རྒྱས་འཆར་འགོད་ཁྲུའི་འགན་འཁུར་བ་ཅི་ཧུའེ་ཙུང་གིས་བཤད།

འབྲུ་རིགས་ཐོན་སྐྱེད་ལ་གདེང་ཚོད་ཡོད་པ།

ཞིང་ལས་སྐྱེ་དངོས་འདེབས་ཁྱོན་ཉེ་བའི་ལོ་བཅུའི་རིང་འདེབས་འཛུགས་རྒྱ་ཁྱོན་མཐོ་ཤོས་ཡིན་པའི་བར་སྔོན་དཔག་བྱས་ན་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི་109.9ཡན་ཟིན་པ་དང་འབྲེལ་རྒྱལ་ཁབ་ཀྱིས་གཤམ་སྤྲོད་བྱས་པའི་ཐོན་སྐྱེད་དམིགས་ཚད་ལས་འགན་ཚད་བརྒལ་ངང་ལེགས་སྒྲུབ་བྱས་ཏེ་མཚོ་སྔོན་ཞིང་ཆེན་གྱིས་འབྲུ་རིགས་ཐོན་སྐྱེད་ཀྱི“རྒྱལ་ཁབ་ཀྱི་དོན་ཆེན་”ཡིན་པའི་འགན་ལེན་ནུས་ཤུགས་ཡོད་རྒུས་བྱས་ནས་ལྟོ་ཆས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ“ཞིང་གསུམ”ལས་དོན་གྱི་གནས་བབ་ཨང་དང་པོར་བཞག་ཡོད་པ་རེད།

“ས་བོན་བཏབ་པ་ནས་བཟུང་།མཚོ་སྔོན་ཞིང་ཆེན་དུ་གནམ་གཤིས་འཚམ་ལ་ཆར་ཆུ་འབེལ་པོ་ཡོད་པས་ས་ཁུལ་ཉུང་ཤས་སུ་སད་དང་།སེར་བ།ཐན་པ་བཅས་བྱུང་ཡང་གནོད་འཚེ་ཕོག་ཁྱོན་ཆུང་བས་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཀྱི་ཡོད”མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་འདེབས་འཛུགས་ལས་རིགས་ཁྲུའི་འགན་འཁུར་བ་ལིའུ་ཏེ་གོ་ཡིས་གནམ་གཤིས་ཀྱི་ཕན་པ་ནི་འབྲུ་རིགས་བརྟན་པོའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་།གདེང་ཚོད་ནི་མཚོ་སྔོན་ཞིང་ཆེན་གྱིས་ས་བོན་དང་རྨོ་ཞིང་གི་གནད་འགག་ཆེན་པོ་གཉིས་ལ་དམ་འཛིན་བྱས་ནས“འབྲུ་རིགས་ལག་རྩལ་ལ་བརྟེན་པའི”འཐབ་ཇུས་སྤེལ་ཤུགས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།

ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་པ་ཡན་གྲོང་རྡལ་ཨ་ཀྲ་པུའུ་བྲག་གྲོང་ཚོའི་ས་རྒོད་སྤྱི་ཆིང་86.6བཅོས་སྒྲིག་དང་བསྐྱར་འདེབས་བྱས་རྗེས་གྲོའི་ཐོན་འབབ་སྤྱི་རྒྱ་ཁྲི་10ཟིན་ནས་དངོས་དངོས་རྗེན་རྗེན་གྱི་ཕྱུག་འགྱུར་ཞིང་ཁར་གྱུར་ཏེ་ཞིང་པར་འབྲུ་རིགས་འདེབས་པའི་ཡིད་ཆེས་ཆེ་རུ་ཕྱིན་པ་མ་ཟད།མཚོ་སྔོན་ཞིང་ཆེན་གྱི་འབྲུ་རིགས་འབབ་འཕར་ཡོང་རྒྱུར་ཡང་ནུས་ཤུགས་བཏོན་ཡོད།

ཨ་ཀྲ་པུའུ་བྲག་གྲོང་ཚོ་ནི་དཔེ་ཞིག་མིན།འདི་ལོ་ཚུན་དུ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་པའི་འབབ་འཕར་ལ་དམ་པོར་དམིགས་ནས་ས་ཆའི་ཐོན་ཁུངས་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཏན་ཏིག་བྱས་ཏེ་ས་རྒོད་དུ་བསྐྱུར་ནས་བསྐྱར་འདེབས་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཞིང་།མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་རྨོ་ཞིང་སྤྱི་ཆིང་ཁྲི་1.2བཅོས་སྒྲིག་བྱས་ཏེ་ས་རྒོད་དུ་བསྐྱུར་ནས་ཚང་མ་བསྐྱར་དུ་འདེབས་འཛུགས་བྱས་པ་རེད།འབྲུ་སྣུམ་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་འབྲུ་སྣུམ་དང་སྔོ་ཚལ་མུའུ་བརྒྱའི་དཔེ་སྟོན་ཞིང་ཁ་དང་།མུའུ་སྟོང་གི་འགག་སྒྲོལ་ཞིང་།མུའུ་ཁྲི་ཡི་གསར་གཏོད་ཞིང་ཁ་བཅས་ཁྱོན་540བསྐྲུན་པ་དང“སོ་རིང”གྱི་བྱེད་ཐབས་ནུས་ལྡན་རིམ་བཞིན་ཕན་འབྲས་ཐོན་བཞིན་ཡོད་པ་རེད།

ཕྱོགས་གཞན་ཞིག་ནས་འདེབས་འཛུགས་ལས་རིགས་དར་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་དེ་ཞིང་ལས་དང་གྲོང་གསེབ་པུས་པད་ཁའི་དབྱར་འདེབས་རྟེན་གཞིར་བདམས་ནས་དུས་བདེ་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཕྱོགས་པའི་རྒྱལ་ཁབ་རིམ་པའི་དབྱར་སྐྱེས་རྟེན་གཞི་ཧུར་ཐག་བཏོད་དེ་ཞིང་ལས་སྐྱེ་དངོས་དང་ཆུ་ཐོན་སོན་བཟང་ཅན་དུ་འགྱུར་ཚད་98%དང་95%སོ་སོར་ཟིན་རྒྱུ་རེད།དེ་དང་ཆབས་ཅིག་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་དང་།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གསེར་ཆེན་རྫོང་།མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་ཀྱི་རྒྱལ་ཁབ་རིམ་པའི་པད་ཁ་དང་ནས་ཀྱི་ས་བོན་བཟོ་མཁན་རྫོང(ཆུས)དང“དབྱར་རྒྱས”རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་ཨར་ལས་འཕེལ་རིམ་མགྱོགས་སུ་གཏོང་རྒྱུ་རེད།སོན་བཟང་གསོ་སྤེལ་དང་།དཔེ་སྟོན།འགྲེམས་སྟོན་བཅས་ཀྱི་རྟེན་གཞི་སྤྱི་ཆིང་ཁྲི་2བསྐྲུན་པ་དང་།གཙོ་ཁྲིད་སྣ་ཁ་88དང་གཙོ་གནད་ལག་རྩལ་69ཁྱབ་གདལ་བཏང་ཡོད།ཕ་ཕྱུགས་དང་སོན་བྱའི་ར་བ་44དང་སྒོ་ཕྱུགས་ཚད་ལྡན་ཅན་གྱི་ལེགས་བཅོས་ས་ཚིགས་150བསྐྲུན་ཡོད།

འབྲུ་མཛོད་ཀྱི་དངོས་པོ་རྣམས་གནམ་འོག་བདེ་འཇགས་ཡིན་པ་དང་།འབྲུ་རིགས་བདེ་འཇགས་ནི་རྒྱལ་ཁབ་བདེ་འཇགས་ཀྱི་རྨང་གཞི་གལ་ཆེན་ཞིག་ཡིན།འགྱུར་ལྡོག་གཏོང་བ་དང་རྣམ་པ་གསར་པ་གཏོད་སྐབས་འབྲུ་རིགས་ཐོན་སྐྱེད་ཀྱི་“གནོན་རྡོ”དེ་ཡོད་པས་ང་ཚོར་དུས་གང་ཞིག་ལས་ཀྱང་གདེང་ཚོད་དང་ཡིད་ཆེས་ཡོད།

ལྗང་མདོག་འཕེལ་རྒྱས་ལ་ངར་ཤུགས་ལྡན།

གནམ་གཤིས་འཚམ་པ་དང་ལྗང་མདོག་སྐྱེ་ལྡན་ཡིན་པས་ས་ཁམས་ཆ་རྐྱེན་དང་འདེབས་འཛུགས་ལེགས་ཆར་བརྟེན་ནས་མཚོ་ཤར་གྲོང་ཁྱེར་དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་གིས་མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་དཔེ་སྟོན་རྫོང་བསྐྲུན་ནས་ཚད་གཞི་མཐོ་བའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་པ་དང་།ད་ཆ་དེ་གའི་སྔོ་ཚལ་ཡུའེ་ཀང་ཨའོ་ཁུག་ཆེན་ཁུལ་གྱི་མི་དམངས་ཀྱི“ཤ་ཚལ་སྒོང་གསུམ”ལ་ཁྱབ་གདལ་བཏང་ནས་ས་མཐོའི་གྲང་ཚལ་ཕྱིར་གཏོང་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་།

འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་གྲང་འཁྱག་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་སུ་གཏོང་བའི་ལག་བསྟར་བསམ་འཆར་བཏོན་ནས་བཟའ་བཅའི་ཤ་མོ་འཕེལ་རྒྱས་ཀྱི་ལོ་གསུམ་བྱ་སྤྱོད་ཇུས་གཞི་བཟོས་པ་དང་།སྒྲིག་བཀོད་དྲོད་ཁང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ།ས་འོག་གི་སྐྱེ་ལྡན་ལྗང་མདོག་སྔོ་ཚལ་འཕེལ་རྒྱས་ཤུགས་ཆེན་གཏོང་བ།ཤང་ཀང་དང་ཨའོ་མོན་ལ་གཞི་ཁྱོན་ལྡན་པའི་ཐོན་སྐྱེད་ཕྱིར་གཏོང་རྟེན་གཞི་ཁག་གཅིག་བསྐྲུན་པ།སྔོ་ཚལ་སྤྱི་ཆིང་ཁྲི་4.23འདེབས་འཛུགས་བྱས་པ།0.9%འཕར་བ།ཐོན་ཚད་ཏུན་ཁྲི་131ཟིན་པ་བཅས་སྔོན་དཔག་བྱས་ན་ལོ་ཧྲིལ་པོར་ཏུན་ཁྲི་152ཟིན་རྒྱུ་རེད།

གནས་དེའི་སྔོ་ཚལ་ཕྱིར་འཚོང་ཧ་ཅང་མང་བས་འདི་གའི་ཕྱུགས་ལས་ཐོན་སྐྱེད་ལ་ཐོན་འཕར་དང་ཕན་འབྲས་ཆེ་རུ་ཕྱིན་ཡོད།

ཟླ་9པའི་ཟླ་མཇུག་བར་མཚོ་སྔོན་ཞིང་ཆེན་གྱི་ནོར་ལུག་བཤས་གཏོང་དང་ཕྱུགས་ཕྲུག་གསོན་ཚད་གཉིས་ཀ་དུས་མཚུངས་ལས་ཅུང་མང་དུ་ཕྱིན་ནས་ཕག་པའི་ཐོན་ནུས་རིམ་བཞིན་སླར་གསོ་བྱུང་བ་དང་ཞིང་འབྲོག་ཐོན་རྫས་ཀྱི་ཁྲོམ་རའི་གྲངས་འབོར་འདང་ངེས་དང་རིན་གོང་བརྟན་པོ་ཡོད་པ་རེད།

གླེང་རིན་ཡོད་པ་ཞིག་ནི་ས་མཐོའི་ཆུ་གྲང་ཉ་ཐོན་སྐྱེད་དང་ཕྱིར་ཚོང་གཉིས་ཀ་དར་ཞིང་།མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་འབབ་ན་ནིང་གི་དུས་མཚུངས་ལས་17%འཕར་བ་དང་།གཟན་རྩྭའི་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་ཞིང་འབྲོག་ཟུང་འབྲེལ་དང་།རྩྭ་ཕྱུགས་མཉམ་འགུལ།འཁོར་རྒྱུག་འཕེལ་རྒྱས་བཅས་ལ་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།

ང་ཚོས་ཚོགས་ཆུང་གཅིག་གིས་མང་དུ་བཏང་བའི་གྲངས་གཞིའི་ཐོག“ལྗང་མདོག”མཚོ་སྔོན་ཞིང་ཆེན་གྱི་ཞིང་འབྲོག་ལས་འཕེལ་རྒྱས་ཁྲོད་ཁྱབ་པའི་སེམས་ཤུགས་བརྟན་པོ་མཐོང་ཐུབ།ལྗང་མདོག་སྣོད་བཅུད་ཀྱི་འཕེལ་རྒྱས་ཁོར་ཡུག་དང་སྤུས་ལེགས་ཐོན་རྫས་ཕྱིར་གཏོང་བྱས་པ་དེས་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་པའི་གོམ་སྟབས་ལ་སྐུལ་འདེད་གཏོང་བཞིན་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན།མིག་སྔའི་བར་མཚོ་སྔོན་ཞིང་ཆེན་གྱིས་ལྗང་མདོག་སྐྱེ་ལྡན་དང་ས་ཁམས་མཚོན་རྟགས་ཀྱི་ཞིང་ལས་ཐོན་ཟོག་1050ཁས་ལེན་བྱས་པ་དང་ཞིང་འབྲོག་ཐོན་ཟོག་གི་སྤུས་ཚད་ཚད་ལོན་ཚད་98%ཡན་ཟིན་ཡོད་པ་རེད།ནོར་ནག་དང་བོད་ལུག་གི་གྲངས་འབོར་ཁྲི་780ལས་བརྒལ་བ་དང་སྐྱེ་ལྡན་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་རྒྱ་ཁྱོན་སྤྱི་ཆིང་དུང་ཕྱུར་0.08ལས་བརྒལ་ཡོད་པ་རེད།དེ་དང་ཆབས་ཅིག་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་དང་དེ་བཞིན་མཚོ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་མཚོ་སྔོན་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་ཟོག་གི་ཆེད་དོན་མཁོ་འདོན་རྟེན་གཞི་དང་།ཉམས་ལེན་ཚོང་ཁང་།སྐར་ཁུང་བཅས་26བཙུགས་པ་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན་16ལ་ཁྱབ་པ་དང་རིམ་རྩིས་བྱས་ན་ལོ་རེའི་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་2.3ཟིན་ནས“མཚོ་སྔོན་རྟགས་ཅན”གྱི་ཞིང་འབྲོག་སྤུས་རྟགས་མུ་མཐུད་བཏོད་ཡོད་པ་རེད།

གྲོང་གསེབ་འཛུགས་སྐྲུན་བྱེད་པར་སྐྱེ་སྟོབས་ཀྱི་དཔལ་འབར་བ།

ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དམག་སྡེའི་རིག་གནས་དང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རེན་གྲོང་ཁྱེར་ཐོ་རྒྱ་གྲོང་རྡལ་དེ་རེབ་གོང་གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྲོང་ཁྱེར་གྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།བཙོག་ཆུ་གཙང་སེལ་བྱེད་པ་ནས་སྲོལ་རྒྱུན་གྱི་གྲོང་ཚོ་སྲུང་སྐྱོང་འཛུགས་སྐྲུན་བྱེད་པ་དང་།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱེད་པ་ནས་གློག་ཤུགས་སྒྱུར་བཀོད་དང་།གསང་སྤྱོད་གསར་བརྗེ་བྱས་ཏེ་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་གཙོ་བོར་སྐུལ་སྤེལ་བྱས། 

“གད་སྙིགས་རླུང་ལ་བརྟེན་ནས་བཙོག་ཆུ་རླངས་འགྱུར་ལ་བརྟེན་པ”དེ་སྔོན་གྲོང་ཚོ་མི་ཉུང་བ་ཞིག་གི་དངོས་ཡོད་མཚོན་ཚུལ་ཞིག་རེད།གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱས་ཚུན་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་རང་ཞིང་ཆེན་གྱི་གྲོང་གསེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་ཏུ་གྱུར་ཡོད།འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས་ཀྲེ་ཅང་གི“ཁྲི་སྟོང་བཟོ་སྐྲུན”མཚོ་སྔོན་གྱི་ལག་ལེན་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་།ཞིང་འབྲོག་པའི་སྡོད་གནས་ཆ་རྐྱེན་ལེགས་སུ་གཏོང་བ།གྲོང་གསེབ་ཀྱི་གསང་སྤྱོད་སོགས་དམངས་འཚོའི་འདུ་འགོད་ལ་དངོས་སྒྲུབ་སྐུལ་འདེད་བཏང་བས་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

དེ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཁོར་ཡུག་རིམ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས་དམངས་འཚོའི་གསང་སྤྱོད་གསར་བརྗེ་ཡང་མཚོ་སྔོན་ཞིང་ཆེན་དུ་སྐུལ་འདེད་གཏིང་ཟབ་གཏོང་བཞིན་ཡོད་པ་རེད།

“ང་ཚོས་གསར་དུ་བསྐྲུན་པའི་དུད་ཚང་གི་གསང་སྤྱོད་དང་གནད་དོན་ཡོད་པའི་གསང་སྤྱོད་བཅོས་སྒྲིག་གཉིས་མཉམ་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་གསེབ་ཀྱི་གསང་སྤྱོད་སྒྱུར་བཀོད་ཀྱི་ཕན་འབྲས་ཆེ་རུ་ཤུགས་ཆེན་གཏོང་བ་དང་ཞན་ཆ་དེ་གསབ་ནས་ཞིང་པའི་སེམས་ཁྲལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས”མཚོ་སྔོན་ཞིང་ཆེན་ཞིང་ལས་གྲོང་གསེབ་ཐིང་གྲོང་གསེབ་སྤྱི་ཚོགས་བྱ་གཞག་སྐུལ་སྤེལ་ཁྲུའི་འགན་འཁུར་བ་ཞུང་གོ་ཁྲང་གིས་མིག་སྔའི་བར་འདི་ལོ་བཅོས་སྒྲིག་བྱེད་ཁོངས་སུ་བཅུག་པའི་གནད་དོན་ཡོད་པའི་གསང་སྤྱོད་ཁྲི་10.14ལ་བཅོས་སྒྲིག་བྱས་པ་དང་བཅོས་སྒྲིག་ལེགས་གྲུབ་བྱུང་ཚད་100.5%ཟིན་པ་དང་།གསར་དུ་བསྐྲུན་པའི་དུད་ཚང་ཁྲི་1.65ཡི་གསང་སྤྱོད་ཁྲི་1.65ལེགས་གྲུབ་ཟིན་པ།ལེགས་གྲུབ་བྱུང་ཚད་100%ཟིན་ཡོད།

ཕྱོགས་གཞན་ཞིག་ནས་ཞིང་འབྲོག་ཁུལ་དུ་རང་འབབ་ཆུ་ཁྱབ་ཚད་དང་ཆུ་མཁོ་འདོན་འགན་ལེན་ཐུབ་ཚད་80%དང་94%བར་མཐོ་རུ་ཕྱིན་པ་དང་།འཕྲོད་བསྟེན་གསང་སྤྱོད་ཁྱབ་ཚད་63.4%ཟིན་པ།འཚོ་བའི་གད་སྙིགས་བསྡུ་རུབ་དང་བརྒྱུད་འདྲེན་ཐག་གཅོད་བྱེད་ཚད་94.8%ཟིན་པ་བཅས་རེད།

མཛེས་ཤིང་སྐྱིད་སྣང་དོད་པའི་མི་སྡོད་ཁོར་ཡུག་དང་སྟབས་བདེ་ཆ་ཚང་བའི་རྨང་གཞིའི་སྒྲིག་བཀོད་མཚོ་སྔོན་ཞིང་ཆེན་གྱི་གྲོང་གསེབ་འཛུགས་སྐྲུན་གྱིས་ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་གྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་བྱུང་ནས་གྲོང་གསེབ་ཀྱི་ཐོན་ལས་གསུམ་ཚད་མཐོའི་མཉམ་འདྲེས་དང་ཕན་ཚུན་སྐུལ་འདེད་ཐུབ་པ་དང་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ནུས་གསར་པ་བསྣན་ཡོད་པ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།